R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༣
[A:༥༠༣]དམར་སྣང་བའི་ཚེ། །རྡོ་རྗེ་སེམས་དཔའ་བདེ་སྟོང་ཞལ་མཇལ་ཏེ། །ཕྱག་ཆེན་ལམ་ནས་འཕགས་པའི་གྲོང་དུ་འཕོས། །བདག་ཅག་འཁོར་བཅས་སྡུག་བསྔལ་རྒྱུན་ཐག་ཆད། །དགའ་ཞིང་སྤྲོ་བས་གསོལ་བ་འདེབས་ལ་བརྩོན། །ཁྱེད་ཉིད་གར་བཞུགས་རྡོ་རྗེའི་ཕོ་བྲང་དེར། །ཐོགས་མེད་གཟིགས་པ་སྩོལ་ཞིག་འཇམ་དབྱངས་རྗེ། །ཐུབ་ཆེན་འདའ་ཚུལ་བསྟན་ཚེ་ཉན་ཐོས་འཁོར། །དགྲ་བཅོམ་བྱེ་བ་རང་གིས་མེ་སྦར་ནས། །ལྷག་མེད་མྱ་ངན་འདས་ལ་མཚར་གྱི་ཡོད། །བདེ་བའི་ངལ་གསོར་འཁོར་བཅས་བཀོད་འདི་མཚར། །དེའི་སང་ཉིན་ནས་ངེད་ཀྱིས་དགྱེས་རྡོར་གྱི་ཆོ་ག་བཙུགས་གདུང་གི་འཁྲིས་སུ་ཉལ་ཀྱང་ཐུགས་དམ་ལ་བཞེངས་པའི་རྟགས་སུ་མངོན་པ་ནི་ཅི་ཡང་མ་བྱུང༌། གནམ་གང་གི་སྔ་དྲོ་ངེད་གཟིམས་ཆུང་ནང་དུ་བདག་བསྐྱེད་ལ་ཡོད་པའི་སྐབས་དྲི་ཞིམ་པོ་སྔོན་ཚོར་མ་མྱོང་བ་ཞིག་སང་སང་བྱུང༌། རབ་གསལ་ན་སྤོས་གཅེད་པ་ཡིན་ནམ་སྙམ་སྒོ་ཕྱེ་བས་ནི་ཅི་ཡང་མི་སྣང་ཇ་ཁང་དུ་དྲི་ཞིམ་པོ་ཞིག་གཅེད་པ་ཡིན་ནམ་སྙམ་བྱུང༌། ཉི་ཤར་ལ་རབ་གསལ་དུ་ཕྱི་རོལ་གཏོར་མ་ལ་ཕྱིན་ཚེ་དྲི་བཟང་ནི་སྔར་གྱི་དེ་བཞིན་འདུག །འཕགས་མ་ངག་དབང་དང༌། ཆོས་མཛད་མ་རིན་ཅེན་སོགས་གདུང་མཇལ་ལ་བྱུང་ཚེ་རབ་གསལ་དུ་སླེབ་ཙམ་ནས་འདི་ལྟ་བུའི་དྲི་ཞིམ་པ་ཟེར། གདུང་གི་གཟིམས་ཆུང་ན་དྲི་ཞིམ་པོ་ཞིག་གཅེད་ཡོད་པ་འདྲ་ཟེར་སྒོ་ཕྱེ་ནས་སྣོམ་གྱིན་འདུག །མི་ཕྱི་ན་ཡོད་པ་རྣམས་ནི་དེའི་ཐོ་རེངས་གླིང་བུ་དང་རྔ་སྒྲ་ལ་སོགས་པའི་སྒྲ་སྙན་པོ་ཡང་ཐོས་མེ་ཏོག་གི་ཆར་ཡང་འབབ་ཀྱིན་འདུག་ཟེར། རང་གི་མངོན་དུ་གྱུར་པ་ལ་གཉག་ཕུ་ནས་ཕོ་བྲང་རྩེའི་བར་ལ་འཇའ་དཀར་པོ་ཞེང་ཁྲུ་གང་ཙམ་བྱས་པ་ཞིག་ཐ་ལེ་མཐོང༌། དཔྱིད་ཟླ་