[A:༥༠༤]གཉིས་པའི་ཉེར་ལྔ་ལ་ཆོས་དབྱིངས་སུ་ཞུགས་པའི་ཚུལ་བསྟན། དེ་ཡང་དོན་ལ་ཉེར་ལྔ་ནས་གནམ་གང་གི་བར་ཚོགས་ལམ་གསུམ་ནས་སྦྱོར་ལམ་བཞིའི་བར་སྔར་མ་བགྲོད་པའི་ལྷག་རྣམས་བགྲོད། གནམ་གང་གི་ཚེ་རྩ་མདུད་དང་པོ་གྲོལ་གྲུབ་མཐའ་འཁོར་འདས་དབྱེར་མེད་སྙོགས། ས་དང་པོ་རབ་དགའ་རྙེད་པར་གདོན་མི་ཟ་སྙམ་པའི་ངེས་པ་བརྟན་པོ་ཡོང༌། གཞན་རྣམ་ཤེས་བུ་ག་དགུ་པོ་གང་རུང་ནས་ཐོན་པའི་རྟགས་སྐུ་ལ་དྲི་ང་བ་དང༌། བྱང་སེམས་དཀར་དམར་བུད་པ་ལ་སོགས་པའི་རྟགས་ཅི་ཡང་མ་བྱུང༌། དབུའི་ཚངས་ཕུག་ཅུང་ཟད་འཕགས་འདུག་ཟེར་བ་འདུག་ཀྱང་ཚངས་ཕུག་འབུར་ཙམ་པ་དེ་ནི་སྔ་མོ་ནས་ཡོད། ཕྱིས་འཕགས་ནས་འབུར་བ་མིན་པར་མངོན། གནམ་གང་ནས་གདུང་སྒམ་བཅོས་གོས་དར་གྱིས་གྲིལ་མཆོད་པ་འབུལ་བའི་རྟེན་དུ་བཞུགས་སུ་གསོལ། དེ་ནས་ཡ་ག་ཆོས་སྡིངས་སུ་གསོལ་འདེབས་ཀྱི་ཚེ་ཡ་ག་ཆོས་སྡིངས་དཔོན་སློབ་རྣམས་ཀྱིས་འདུ་ཁང་དུ་རྣམ་པར་སྣང་མཛད་ཀྱི་ཆོག་གྲ་བཙུགས། སྒྱི་ཆུ་བའི་རྡོ་རྗེ་འཛིན་པ་རྣམས་ཀྱིས་བླ་བྲང་དུ་དགྱེས་རྡོར་གྱི་ཆོག་གྲ་བཙུགས། དགོན་གནས་གཞན་རྣམས་སུ་རང་རང་གིས་ཆོག་གྲ་བཙུགས། ཁོ་བོ་ཅག་གི་འདུ་ཁང་དུ་བསྔོ་བ་ལ་ཡུད་ཙམ་མ་གཏོགས་གདུང་གི་སྐུ་མདུན་དུ་དགྱེས་མཛད་ཆོ་ག་ལྷུར་ལེན་བྱས། གང་སྐུའི་དཀྱིལ་འཁོར་དག་ཞིང་གཤེགས་ན་ཡང༌། །ཐུགས་རྗེའི་ལྕགས་སྒྲོག་འབྲལ་བ་མེད་མཐོང་ནས། །མིག་ལ་མཆི་མ་འཛག་ཀྱང་སེམས་ལ་ནི། །རབ་དགའི་ཏིང་འཛིན་མི་གཡོ་བརྟན་པར་གྱུར། །ཚུལ་ལྡན་ངུར་སྨྲིག་འདུས་པའི་ཕོ་བྲང་དུ། །ཕྱི་ནང་དཀྱིལ་འཁོར་ཞལ་ཕྱེ་མཆོད་ཅིང་བསྟོད། །ཏིང་འཛིན་སྔགས་རྒྱ་ཆོ་གའི་དབྱངས་སྙན་གྱིས། །འཇམ་མགོན་བླ་མ་དགྱེས་པའི་མཆོད་སྤྲིན་