R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༦
[A:༥༠༦]ཆར་རྒྱུན་ཟིམ་པས་འགྲོ་བ་ཚིམ་པར་བྱེད་པའི་ལེགས་བྱས་ཤིན་ཏུ་བསྟར་བ་ཡིན་ནོ། །རྐང་འཐུང་ལོ་བཅུད་ཟིལ་དངར་ན་བུན་གྱིས། །རྣམ་དཔྱོད་ལྷ་ལམ་སྒྲིབ་ཀྱང་དྲི་རོ་ཡིས། །རྣམ་འབྱེད་ལྗགས་ཀྱི་གློག་འཁྱུག་འབྲུག་གི་སྒྲས། །རྒོལ་ངན་སྙིང་རབ་གས་ཀྱང་ལེགས་བཤད་ཀྱི། །འཆི་མེད་བདུད་རྩི་སྙིང་ལ་ཟེགས་པ་ཡིས། །སྲོག་གི་འཚེ་བ་སླར་ལོག་བག་ཕེབས་ནས། །སྒྲ་དབྱངས་རྒྱུད་མངས་གླུ་ལ་ཡིད་ཆགས་ཏེ། །སེམས་ཀྱི་རི་བོ་མི་གཡོ་བརྟན་པར་གྱུར། །གོང་གི་སྦྲུལ་ལོ་འདུ་ཁང་གསར་བཅོས་གྲུབ་མ་ཐག་སྣར་ཐང་ནས་མིའི་དབང་པོས་འདུ་ཁང་གསར་བཅོས་ཀྱི་དགའ་སྟོན་ཡིན་ནོ་གསུང་འདུས་པའི་ཚོགས་ལ་མང་ཇ་བཟང་བ། ཞིབ་ཐལ་ནས་ཁལ་བརྒྱ། སྒེར་ལ་དར་ཡུག་གིས་གཙོ་བྱས་པའི་གནང་སྦྱིན་བདུན་ཚན་དང་བཅས་པ་བཀའ་དྲིན་བསྐྱངས། ཆོས་ལུགས་སྲོལ་འབྱེད་པའི་སྡེ་སྲིད་ཆེས། །འདིར་མཉན་ཡོད་ཆོས་གྲྭ་དར་འདི་ལ། །ཐུགས་དགྱེས་པའི་དགའ་སྟོན་དཔག་མེད་སྩལ། །རྒྱལ་སྲས་བཅས་ལེགས་སོའི་རྔ་དབྱངས་སྒྲོགས། །ཡང་གདོང་དགའ་ནས་མིའི་དབང་པོ་རྣམ་པར་རྒྱལ་བས་ཀྱང་འདུ་ཁང་གི་དགའ་སྟོན་རྐང་འཐུང་རྩེ་ཇ། གནང་སྐྱེས་གྱ་ནོམ་པ་དང་བཅས་པ་མཛད། འདུ་ཁང་བཅོས་པའི་ལོ་ལམ་འབྲས་སློབ་བཤད་དང་མཁར་ལས་ལྷན་ཅིག་ཏུ་བཙུགས་པའི་ཚེ་སློབ་བཤད་ཀྱི་མིང་གི་སྙན་གྱི་བུ་ག་ཅུང་ཟད་རྩུབ་པ་དང༌། ངོས་ལ་ཐུགས་དགྱེས་པའི་སྙན་ཚིག་སྤེལ་ལེགས་ཀྱི་འཕྲེང་བ་ན་བཀའ་བསྟན་བཅོས་ཀྱི་མཐོ་བ་མ་གཏོགས་གཞན་ལ་མེད་པའི་གཡེར་ཆོས་ཀྱི་མཐོ་བ་མིན་ཞེས་སོགས་སློབ་བཤད་ལ་ཟུར་ཟ་བའི་ཚིག་རིགས་མང་པོ་གནང་བྱུང་ཀྱང་སྤྱིར་སློབ་བཤད་ཚོགས་བཤད་ཀྱི་ཡིན་མིན་འགྲོ་ལྡོག་ཤེས་པ་ལ་ཐོག་མར་