R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༠༧
[A:༥༠༧]དེ་སྐབས་སློབ་མ་དང་ཚོགས་པ་གཉིས་ཀྱི་ཁྱད་པར་ཤེས་དགོས། དེ་ནས་དེ་གཉིས་ལ་བཤད་རྒྱུའི་ཆོས་ཀྱི་རྣམ་དབྱེ་ཤེས་དགོས་པ་ལ་བརྗོད་བྱའི་དོན་ལ་རྟོག་དཔྱོད་མ་ཤར་བཞིན་དུ་མིང་ཙམ་གྱི་ཐུགས་འཚང་བ་བདེན་ཡང་ཉན་ཐོས་སེནྟ་པས་ཐེག་པ་ཆེན་པོའི་ཆོས་བཀའ་མ་ཡིན་ཞེས་སྨྲ་བ་ལ་རྒྱལ་ཚབ་བྱམས་པས། ཐོས་རྗེས་འབྲངས་ཏེ་བློ་ལྡན་ཐོབ་ནས་ནི། །གང་ཞིག་ཐོས་ལ་རབ་ཏུ་བརྙས་བྱེད་ན། །རྣམ་པ་སྣ་ཚོགས་དཔག་ཏུ་མེད་འདུས་ནི། །རྨོངས་པ་གང་གི་ཕྱིར་ན་ངེས་པར་བྱེད། །ཅེས་ཁྱེད་ཉན་ཐོས་སེནྟ་པས་ཐེག་ཆེན་གྱི་ཆོས་བཀའ་མ་ཡིན་ཞེས་སྐུར་བ་འདེབས་པ་མི་རིགས་ཏེ། དེ་བཀའ་ཡིན་མིན་ཤེས་པ་ལ་ཐེག་ཆེན་ཆོས་ཀྱི་ཚིག་མཐའ་དག་རྣ་བས་ཐོས་ཤིང༌། དོན་ལ་ཡིན་མིན་གྱི་རྟོག་དཔྱོད་ཤར་བ་ཞིག་དགོས་པ་ལས་ཁྱེད་དེ་ལྟ་བུ་མ་ཡིན་པའི་ཕྱིར་ཞེས་གསུངས་པ་འདི་ཚིག་དངོས་བསྟན་སེནྟ་པ་ལ་འཕངས་ཀྱང་དོན་གྱི་སྙིང་པོ་མཁས་རློམ་གཞན་དག་ལ་ཕོག་སྣང་བའི་ཕྱིར་དང༌། ས་པཎྜི་ཏས། བསྔོ་བ་དེ་ཡང་མདོར་བསྡུས་ན། །གནས་དང་གནས་མ་ཡིན་པ་གཉིས། །ཞེས་དེ་དག་གི་ལུང་སྦྱོར་དང་བཅས་གསུངས་ཀྱང་བུ་སྟོན་རྗེས་འབྲང་དང་བཅས་པ་སོགས་གནས་དང་གནས་མིན་གྱི་བསྔོ་བའི་དོན་ཐུགས་ལ་མ་ཆགས་ཤིང་མདོ་དེ་དག་ལས། འདི་གནས་ཀྱི་བསྔོ་བ། འདི་གནས་མིན་གྱི་བསྔོ་བ་ཞེས་པའི་མིང་བྱང་ཞིག་དངོས་སུ་མ་འབྱར་བ་དང༌། རབ་དབྱེ་ལས། དེ་ལྟར་བཤད་པའི་དོན་མ་དགོངས་བཞིན་དུ་ཚིག་དེ་ལ་སྐྲག་ནས། གནས་དང་གནས་མིན་གྱི་བསྔོ་བ་ཞེས་པ་བཀའ་བསྟན་བཅོས་གང་ནས་ཀྱང་བཤད་པ་མ་མཐོང་ཞེས་སོགས་ཀྱི་མུ་ཅོར་སྨྲ་བ་དང་སྒྲ་ཇི་བཞིན་དུ་མཚུངས་པའི་ཕྱིར་རོ། །དེ་ལྟ་བུའི་ལན་ཡང་ཐུང་ཙམ་