[A:༥༡༠]ལྡན་ཆོས་འཁོར་རྩེ་མོར་སོན། །དེ་ནས་དྲུང་ཆེན་དྲུང་དང་སྡེ་སྲིད་སྐུ་མཆེད་སོགས་ཤིན་ཏུ་དགྱེས་ཤིང་ཞག་བཅུ་སྐོར་བསྡད། དྲུང་ཆེན་དྲུང་གིས་བར་ཚོ་ཤག་ན་རབ་གསལ་གསར་པ་ཀ་གཉིས་མ། ཕུག་ན་གཟིམས་ཆུང་ཀུན་སྤྱོད་དང་བཅས་པ་འདུག་པས་འདི་ཁྱེད་ལ་ཆེད་གཏད་བཅོས་པ་ཡིན་བཞུགས་བརྟན་པ་དང༌། ཕེབས་བཞུད་ཀྱི་འབྱོན་ལམ་འདི་རང་ལ་མཛད་དགོས་གསུང༌། ཚེ་འཁྲིད། སྒྲོལ་དཀར་འཁྲིད། རྣམ་སྲས་གཏོར་འཛུགས། བསྐང་གསོ་སོགས་དང་གཞན་ཡང་དབང་རྗེས་གནང་ཤིན་ཏུ་མང་བ་ཞོགས་ཇ་གསུམ་སྦྲེལ། སྲོད་ཇ་གཟིམས་ཆུང་ཟུར་པ་ཞིག་ཏུ་མེ་སྐོར་དང་ཇ་གསུམ་སྒྲེལ་སོགས་ཤིན་ཏུ་སྐྱིད་སྐྱིད་རང་མཛད། བཟའ་བཏུང་གི་ཆོ་ག་ཤིན་ཏུ་བསྟར་བ་དང༌། ཆོས་འཆད། མགུར་མ་སོགས་སྤྲོ་སེག་གེ་བ་མཛད་པ་ཞིག་འདུག །སྡེ་སྲིད་སྐུ་མཆེད་ཀྱང་རེས་འགའ་བར་ཚོ་ཤག་ཏུ་ཕེབས། རེས་འགའ་ང་ཅག་རྩེར་འབོད་པ་གནང་ཆོས་དང་ཟང་ཟིང་གི་རྣམ་གཞག་འཇིག་རྟེན་གཞན་སྣང་གི་བློའི་ར་བ་ལས་འདས་པ་བསམ་གྱིས་མི་ཁྱབ་པའི་ལེགས་ཚོགས་ཤིན་ཏུ་ཆེ་བ་བྱུང༌། ཡུལ་དབང་ལྡན་གྱི་རིན་ཅེན་རྒྱ་མཚོ་དེ། །དཔལ་འབྱོར་པ་རྣམ་ཐོས་ཀྱི་བུ་དང་འགྲན། །ཆོས་དད་འདུན་མི་ཕྱེད་ལྷག་བསམ་བརྟན། །སེམས་དགའ་སྤྲོའི་ངང་དུ་ཉིན་མཚན་འདའ། །དེ་ནས་སྐྱིད་མཁར་དགོན་པ་རྫོང་ཐུག་དྲུང་ཆེན་གྱིས་ཀྱང་སྐྱེལ་མ་ལ་བྱོན། དེ་འཚམས་རིམ་པས་རྩེ་ཆེན་དུ་སླེབ་སྡེ་པ་འཚོ་ལགས་ཐུགས་དགྱེས་པ་ཆེན་པོ་དང་བཅས་དེང་འབུམ་ཆེན་བསྟན་པ་གཉིས་ལ་ཁྱེད་རང་དཔོན་སློབ་གཉིས་ངའི་གཟིམས་ཆུང་དུ་ཤོག །ཕྱག་ཕྱི་འདི་ཚོ་བྱང་པ་ཡིན་པས་བརྐུན་མ་བརྐུས་ཡོང་གསུང་བཞད་གད་མཛད། གཟིམས་ཆུང་གི་ལམ་ཐམས་ཅད་མར་ཚུགས་ཀྱི་