[A:༥༡༡]སྟེང་ལ་འགྲོ་དགོས་པའི་རབ་གསལ་ཞིག་འདུག་སླེབ་ཙ་ན་གསོལ་ཇ་བརྒྱུགས་བྱུང་བས་མདོག་རྒྱ་མདོག་བལྟས་པ་ཙམ་གྱི་ཡིད་ཚིམ་པ་ཞིག་འདུག །འབུམ་ཆེན་ཐུགས་རབ་ཏུ་དགྱེས་ཇ་ལ་ཟུར་མིག་ལོག་གེ་གཟིགས་ཇའི་མདོག་ལས་གཟིགས་འདི་ལྟ་བུའི་ཇ་བྱང་ཕྱོགས་ལ་མི་ཡོང་ལགས་ཧུབ་གཅིག་བཞེས་གཡའ། འདི་ལ་དྲོ་བ་འདི་ཡིན་ཞིག་ནི་མི་འདུག་ཟེར་ངེད་རྣམས་བཞད་གད་ཐག་གེ་བྱུང༌། དེ་ནས་འཚོ་ལགས་ཀྱིས་ཁྱེད་བྱ་རྒོད་གཤོངས་པ་ལ་སློབ་གཉེར་སྨར་བ་མ་གཏོགས་ལོངས་སྤྱོད་ཆེ་བསམ་པ་སུ་ལ་ཡང་མེད། དེང་སང་གི་སྡེ་དཔོན་སྐྱ་སོགས་ལ་འབུལ་འབུལ་ཆེན་པོ་འབྱོར་ཡང་མི་འབྱོར་བྱེད་ཡང་མི་བྱེད་ངོ་ཚ་མེད་འདི་ཚོས་ཕུལ་བའི་ལན་རེ་ཡང་བྱས་མི་ཡོང་གསུང༌། བླ་མ་རིན་པོ་ཆེའོ་བརྒྱལ་ན་ཕོངས་འདི་ཚོ་ཕུལ་ཅིག་གསུང༌། ངེད་རང་གིས་ཇ་ཁུག་ཚོ་ཇ་རྩེ་མོས་བཀང་དར་རས་སོགས་ཕུང་པོར་སྤུངས་ནས་གནང༌། གཞན་བཞིན་ཟལ་ཟལ་བྱས་འབུལ་མི་དགོས་གསུངས། ཡུལ་རྩེ་ཆེན་ཆོས་བློན་འཚོ་ལགས་དེ། །སྤྱིར་ལུགས་གཉིས་ཀྱི་སྲོལ་ལ་རྣམ་དཔྱོད་བཀྲ། །སྒོས་ཆོས་བྱེད་ཀྱི་མི་ལ་ལྷག་པར་དད། །བདག་འཁོས་ཆུང་ལ་ཅི་འདོད་སྒྲུབ་པ་བཞིན་ལགས། །དེ་ནས་རྩེ་ཆེན་དཔོན་བློན་ལྷག་པར་གཟིམས་ལགས་སྐུ་མཆེད་ཁུ་དབོན་སོགས་ཀྱིས་དད་འདུན་མཐུན་སྦྱོར་ཕུན་སུམ་ཚོགས་པ་དའི་བར་དུ་རྒྱུན་བསྲིངས་ནས་མཛད་པ་ཞིག་ཡིན། ཐུགས་སྙིང་ནས་དད་པའི་རྩེ་ཆེན་ནས། །དུས་རྒྱུན་གྱི་ཞིབ་ཐལ་བརྒྱ་ཕྲག་གཉིས། །སྐྱེས་དམ་པ་ཚོང་འདུས་གྲ་ལྔ་ནས། །དུས་རྒྱུན་གྱི་ཞིབ་ཐལ་བརྒྱ་ཕྲག་བཞི། །གནས་དབང་ལྡན་དང་སྣར་ཐང་སྡེ་སྲིད་སོགས། །དུས་རྒྱུན་དང་རེས་འཇོག་གི་ཞིབ་ཐལ་སོགས། །དུས་