R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༣
[A:༥༡༣]ཕྲད་ལེགས་ཉེས་ཡོང་གསུངས། འདར་རྣམ་རྒྱལ་སྟག་རྩེའི་མི་དབང་མཆོག །དཔོན་ཁུ་དབོན་ཡུམ་སྲས་འཁོར་དང་བཅས། །ཆོས་ལུགས་གཉིས་ལ་དད་པ་རབ་ཏུ་བརྟན། །བཀའ་མི་འགྱུར་བརྟན་པས་བཟློག་མ་ནུས། །དེ་ནས་ཞབས་དྲུང་སྐུ་ཁམས་ཅུང་བསྙེལ་ཟེར་བྱ་གཤོངས་སུ་ཕྱག་རྟགས་བྱུང་འདར་རྣམ་རྒྱལ་སྟག་རྩེའི་རྩེར་སླེབ། ཞབས་དྲུང་ལ་ཚེ་བཀའ་སྒྲོལ་དཀར་སོགས་རྣམ་གྲངས་མང་དུ་ཕུལ། ཞབས་དྲུང་ཆོས་ལྷུན་དྲུང་གིས་རྗེ་ཚར་ཆེན་ལ་གསོལ་བ་འདེབས་པའི་བླ་མ་མཆོད་ཆོག་སྦྲོས་མེད་ལ་བརྟེན་པ་ཞིག་དགོས་གསུང༌། སྤྲོས་མེད་བླ་མ་མཆོད་ཆོག་དེ་ཡང་དེ་དུས་བརྩམས་ནས་ཕུལ། དྲུང་འཚོ་རྩ་བརྒྱད་པའི་དྲུང་གིས་སྨན་དཔྱད་བཅོས་ལེགས་ཕུལ་སྐུ་ཁམས་སྐྱོན་མེད་ཡོང་གསུངས། ཕུའི་ཆབ་ལ་ཡང་མཆོད་ཡོན་ལྷན་དུ་བྱོན་ཆབ་མཛད་པའི་ནུབ་ནས་ཞལ་རས་ཀྱི་གདོང་ཅུང་ཟད་སྐྲང་སྙམ་པ་འདུག་ཆབ་མི་འཕྲོད་པ་མིན་ནམ་བྱས་པས་དྲུང་འཚོ་བའི་དྲུང་འདིས་བཟོད་གསུང་དེའི་འཕྲོ་ལ་སྐུ་ཁམས་དགའ་མོ་བྱུང༌། མཁར་འདར་སྟོད་རྣམ་རྒྱལ་སྟག་རྩེ་ན། །དཔོན་དཔའ་བརྡར་མཛངས་འཛོམ་མང་ན་ཡང༌། །ལུགས་གཉིས་མཁྱེན་དཔྱོད་ལྡན་མགུ་བྱེད་པ། །དཔོན་རིན་ཆེན་དཔལ་བཟང་ས་འདིའི་རྒྱན། །དེ་ནས་ཁོ་བོས་བྱ་གཤོངས་སུ་ཆོས་འཆད་ལ་ཕྱིན། རྟ་ལོ་དེའི་མཇུག་ཟླ་བ་བཅུ་གཅིག་པ་ལ་ཞབས་དྲུང་རིན་ཆེན་དཔལ་བཟང་སྐུ་ཚེས་མ་ཟིན་ཟེར་ངེད་ཀྱིས་ཀྱང་སྐུ་ཚིགས་གཅིག་གི་བར་འདར་དུ་ཡོང༌། བྱ་གཤོངས་དགུན་ཆོས་དང་ཐུག་ནས་གཞན་སྡོད་སྐབས་ནི་མ་བྱུང༌། གཞན་མཆོར་ཆས་ཀྱི་དྲག་མདོག་མི་ཆེ་ཡང༌། །ལུགས་བཀུར་སྐྱོང་ལ་དམ་པའི་སྤྱོད་པ་མཛེས། །ཁོང་དཔྱོད་ལྡན་གྱི་དགྲ་གཉེན་ཀུན་གྱིས་སྨོན། །དུས་འགྱུར་བ་ལ་མིག་ཆུའི་