R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༠༥
[A:༤༠༥]དེ་ནས་བདག་གང་དུ་འགྲོ་བ་གདའ་ཞུས་པས། དེ་ནས་གང་དུ་འགྲོ་ང་ལ་རྒྱུས་མེད་དོ་གསུང་གིན་འདུག །གཉིད་སད་ནས་བརྟགས་པས་ཕྱིས་གདན་སའི་རྟེན་འབྲེལ་སྒྲིགས་པ་ཡིན་ནམ་སྙམ། མ་འོངས་པ་ན་གདན་སའི་ལུང་བསྟན་ཡིན་ཟེར་བའི་འུད་བྱས་ཀྱང་ཆོག་པ་ཙམ་འདུག །ཁོ་བོ་བྱ་གཤོངས་སུ་སློབ་གཉེར་ལ་ནི་ལོ་ཧྲིལ་བོ་བརྒྱད་དགུ་ཙམ་ལས་མ་བསྡད། གདན་སར་ཁྱི་ལོ་ནས་ཁྱི་ལོའི་བར་ལོ་ངོ་བཅུ་གསུམ། ཧྲིལ་པོ་བཅུ་གཉིས་སོང་འདུག་པས། ལོ་བཅུ་གཉིས་ལས་སྡོད་དབང་མི་འདུག་གསུང་བ་དེ། དེ་ཙམ་ལྷག་པ་གདན་སར་བསྡད་ན་མི་ཡོང་བའི་རྟེན་འབྲེལ་ཞིག་གཟིགས་པ་ཡིན་པར་ངེས་སོ། །དབུས་གཙང་ཡོངས་གྲགས་མཁས་པའི་གྲྭ་ས་ཆེར། །ལོ་སྐོར་གཅིག་ཏུ་ལེགས་བཤད་འདོམས་པའི་ཁུར། །དེ་ཙམ་གྱིས་ཀྱང་བློ་གསལ་མིག་འབྱེད་པའི། །མ་འོངས་ལུང་བསྟན་ཡིན་སྙམ་ངེས་པ་རྙེད། །དེ་ནས་དགུན་ཆོས་དང་པོ་གྲོལ་བ་ཚུན་བསྡད། སླར་ངམ་རིང་དགུན་ཆོས་ལ་སླེབ། ཁྱི་ལོ་དེ་ལ་ཀུན་མཁྱེན་ཆེན་པོ་ངམ་རིང་མཁན་པོར་གདན་ཕེབས། ཁོ་བོ་དང་ནག་ཚང་བརྒྱ་ཕྲུག་ཀུན་བཀྲས་གཉིས་ཚོགས་ཆེན་དུ་རིགས་ལུང་ལ་སླང༌། ཀུན་མཁྱེན་ཆེན་པོ་ཐུགས་དགྱེས་ཏེ། དེ་འཕྲལ་ཤོག་གསུང་ཁོང་སྤོབས་པ་མཐོ་སྟེ་ཁྱེད་ཡོན་ཏན་ཆེ་བ་འདུག་གོ་གསུང༌། རང་ལོ་བཅུ་བདུན་པ་ཕག་ལོ་ཀུན་མཁྱེན་ཆེན་པོ་ལ་གསར་ལུང་བས་སྦྱིན་བདག་བྱས་ཏེ། དཔྱིད་ཆོས་ཆེན་མོ་བཏེག །དེའི་དུས་ཆོས་རྗེ་ཆོས་དཔལ་མགོན་པོའི་ཚོ་འོག་ལ་ཁོ་བོ་ཡང་ཡོད་པས། དམ་བཅའ་འཇོག་གིན་ཡོད་པ་ལ་ཀུན་མཁྱེན་ཆེན་པོ་ཚོ་རྣམས་ལ་ཞབས་སྐོར་དང་གཟིགས་རྟོག་གནང་བའི་ཚེ། གསེར་དཔོན་གྱི་ཆོས་མཛད་དེ། ད་ལྟ་ནས་དགེ་བཤེས་ཆེན་པོར་གྱུར་འདུག་ཅེས་གསུང་ཟེར་རོ། །ངེད་