[A:༤༠༦]ཆོས་གླིང་པ་འགའ་དང་བཅས་པ་ལ་བཀའ་གདམས་ལྷ་བཞིའི་རྗེས་གནང་མཛད། ཁྱེད་ལ་འཇམ་དབྱངས་ཀྱི་སྐུ་ཞིག་སྟེར་བར་བྱས་པ་དེ་འདི་ཡིན་གསུངས་ནས། འཇམ་དབྱངས་ཀྱི་སྐུ་ལེགས་པོ་ཞིག་གནང༌། བྱ་གཤོངས་སུ་ཁྱེད་འཇམ་དབྱངས་ཀྱི་སྐུ་དང༌། སྤྱན་རས་གཟིགས་ཀྱི་སྐུ་གཉིས་གང་འདམ་གསུངས། སྤྱན་རས་གཟིགས་འདམ་ཞུས། ཕྱིས་འཇམ་དབྱངས་གནང་པས་དེ་དུས་འཇམ་དབྱངས་འདམ་ཟེར་དགོས་རྒྱུར་སྣང༌། ལན་ཅིག་ཁྱེད་ལ་ལྕགས་ཐང་རབ་འབྱམས་པའི་སྐུ་ཞིག་བྱིན་གྱིས་གསུངས་ནས། རྗེ་རང་གི་སྐུ་འདྲ་གོས་ཐང་ཞིག་གནང༌། ནང་གཅིག་ཁོ་བོ་ཐོ་རངས་ཀྱི་རྨི་ལམ་ན་ཤར་ཕྱོགས་ནས་ཉི་མ་ཡུད་ཀྱིས་ཡོང་གིན་འདུག་པ་དེ་ཟླ་བ་ལ་ཐིམ་སོང༌། ཉི་ཟླ་འདྲེས་པ་དེས་སྣང་བ་གསལ་དུ་འགྲོའམ་སྙམ་པ་ལ་ཅུང་མི་གསལ་དུ་སོང༌། སྐར་མ་ཁྲ་ཆིལ་མཐོང་བ་ཙམ་བྱུང༌། འཇམ་མགོན་བླ་མ་ལ་ཞུས་པས་བསྟན་འཛིན་གྱི་སྐྱེས་བུ་ལ་ལོད་པར་འདུག་གསུངས་ཏེ། བྱི་བའི་ལོ་ཀུན་མཁྱེན་ལྕགས་ཐང་པ་ཆེན་པོ་དག་པའི་ཞིང་དུ་གཤེགས་པ་དེ་ལ་ལྟ་བར་འདུག །དེའི་ཚེ་རང་ལོ་བཅོ་བརྒྱད་པ་ཡིན། རང་ལོ་ཉི་ཤུ་ལོན་གྱི་བར་དུ་འཇམ་མགོན་བླ་མས་ཆོས་གླིང་དུ་ལེགས་བཤད་ཀྱི་ཆོས་ཆར་འབེབས་པའི་བདུད་རྩི་མྱངས། རྣམ་རིགས་ལ་གཙོ་བོར་སྦྱངས། རྣམ་འགྲེལ་ལེའུ་བཞི་ལ་ཟིན་བྲིས་ཀྱི་ཤོག་བུ་ཕྱེད་གསུམ་བརྒྱ་ཙམ་ཡོད། འཇམ་མགོན་བླ་མ་ཤིན་ཏུ་མཉེས་ཏེ། ཁྱེད་ལ་དུས་གསུམ་ཁེགས་པའི་ཡོན་ཏན་ཞིག་ཡོང་བ་འདུག་གསུང༌། དེ་སྐབས་ཤིག་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེས། བྱམས་ཆོས་སྡེ་ལྔ་འཛིན་སྦྱོང་གི་འགོ་བཙུགས། བྱམས་ཆོས་པ་སུམ་བརྒྱ་ཙམ་དཔལ་ལྡན་ས་སྐྱར་བྱམས་ཆོས་ཀྱི་གྲ་སྐོར་ལ་བཏང༌། དེའི་ཟླ་ལ་བདག་ཀྱང་ཡོད། ཞག་ཉི་ཤུ་རྩ་ལྔ་ལ་བྱམས་ཆོས་ལྔ་