[A:༤༠༤] །དེ་ནས་ལ་འགར་སླེབ་ཙ་ན། ལྕང་ཤོལ་སྨུག་ཐིབ་སེ་བའི་གསེབ་ན་དགོན་པ་ཁྲ་ཕུང་ངེ་བ་གཡུ་ཐོག་དང་བཅས་པ། ཟུར་དྲིལ་སིལ་ཆོམ་མེ་བ་མཐོང་བས། རབ་ཏུ་དགའ་བ་ཆེན་པོ་སྔར་དང་ཆ་འདྲ་བ་བྱུང༌། དེ་ནས་གྲྭ་ཚང་གི་གླིང་དུ་སླེབ་པ་དང༌། གྲྭ་པ་རྣམས་དགའ་བའི་གླུ་ལེན་བྲོ་འཁྲབ་ཅིང་འདུག ། ཀུན་མཁྱེན་ལྕགས་ཐང་པ་ཆེན་པོ་གླིང་དུ་སྤྱན་དྲངས་བྱུང་བས། རང་ཡང་དད་པ་སྐྱེས་ཤིང་ཀུན་མཁྱེན་ཆེན་པོ་ཐུགས་ཤིན་ཏུ་དགེས། མིང་ལ་ཅི་ཟེར་གསུང༌། ཀླུ་རྒྱལ་ནོར་བུ་ཟེར་ཞུས་པས་ཅུང་ཟད་ཞལ་འཛུམ་པ་དང་བཅས་པས། ཁྱོད་ཀྱི་མིང་ཟུར་གྱི་ཀླུ་དེ་ཆད་པས་མི་ཡོང་བ་འདུག །ད་ཁྱེད་ཡོན་ཏན་ཆེ་བ་འདོད་དམ། གྲགས་པ་ཆེ་བ་འདོད་གསུང་རང་འདོད་ཞུ་མ་སྤོབས་པ་ལ་ཡོན་ཏན་ཆེ་བ་འདོད་ན་ཀླུ་སྒྲུབ་རྒྱ་མཚོ། གྲགས་པ་ཆེ་བ་འདོད་ན་ཀླུ་སྒྲུབ་རྒྱལ་མཚན་ཟེར་དགོས་ཏེ། ཡོན་ཏན་ཡོད་ན་གྲགས་པ་ལྷུན་གྲུབ་ཡིན་པས་ཀླུ་སྒྲུབ་རྒྱ་མཚོ་གྱིས་གསུང༌། དེ་ཡང་འདས་མ་འོངས་སུ་ཀླུའི་མིང་ཅན་ཅིག་ཡིན་པའི་མངོན་མཁྱེན་དུ་འདུག །གསང་བའི་ལུང་བསྟན་ཅིག་ཡིན་ཟེར་བའི་འུད་བྱས་ཀྱང་རྫུན་དུ་མི་འགྲོ་ལས་ཆེ། དེའི་སང་ཉིན་མཁན་པོ་ལྕགས་ཐང་ཆོས་རྗེ། སློབ་དཔོན་པཎ་ཆེན་བཟང་བཀྲས། ཞུ་བ་པོ་གྲིབ་ཚོད་དང་བཅས་པའི་དགེ་འདུན་གྱི་དབུས་སུ་རབ་ཏུ་བྱུང༌། མིང་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ་གྱིས་གསུང༌། དེའི་ནུབ་གཅིག་གི་རྨི་ལམ་ན་ཀུན་མཁྱེན་ཆེན་པོ་ཆོས་ཁྲི་ཆེན་མོའི་སྟེང་ན་བཞུགས། གྲྭ་པ་རྣམས་བྱིན་ཆོས་གྲྭ་ནས་ལངས་འགྲོ་བ་ཙམ་འདུག །ཁོ་བོ་ལ་ཤོག་གསུང་ཆོས་ཁྲིའི་མདུན་དུ་ཕྱིན་པས། ཞབས་ཆེན་མོ་འཇད་དེ་བ་དེ་སྤྱི་བོར་བཞག །དེའི་སྟེང་དུ་ཆོས་འཆད་འཕྲོའི་བསེག་ཀ་ལི་ཆེན་མོ་བཞག་ནས་སྨོན་ལམ་མང་པོ་འདེབས་པ་གནང་གིན་འདུག །ཁོ་བོ་དགའ་སྤྲོ་དང་དད་པས་མཆི་མ་མང་པོ་ཤོར། ད་ཁྱེད་ལོ་བཅུ་གཉིས་ལས་སྡོད་ལོང་མི་འདུག་གོ་གསུང་