[A:༥༡༥]ཡང་ཡང་བསྐུལ་ནས་དབང་མི་འདུག །དེ་ནས་འདར་རྩེའི་མི་དབང་ཆོས་སྐྱོང་ལྷུན་གྲུབ་ཁུ་དབོན་ཡུམ་སྲས་དང་ཆོས་འཁོར་ཡང་རྩེའི་ཆེ་བགྲེས་རྣམས་ཀྱིས་མི་སྣ་བསྐུལ་ལྕགས་ཡང་ཡང་བྱུང༌། ཁྱད་པར་བཀའ་དྲིན་མཚུངས་བྲལ་འཇམ་མགོན་བླ་མའི་ཞལ་གདམས་དེ་ཡང་དྲན། ལུག་གི་ལོ་སྟོན་ཀ་འདར་དུ་ཡོང་དགོས་ཤར་ཞལ་ངོ་རྣམས་བཀའ་བགྲོས་ནས་རྗེ་ཚར་ཆེན་གྱིས་ཀྱང་ཐོག་མར་ཕུ་ཐུབ་བསྟན་དགེ་འཕེལ་གྱི་ཞལ་བདག་གནང་འདུག་པས་དེ་ཀ་རྟེན་འབྲེལ་ལེགས་གསུངས་ནས་ཐོག་མར་ཕུ་ལ་ཕྱིན། ཕུའི་གྲྭ་པ་རྣམས་ཀྱིས་སེར་སྦྲེང་བྱས་ཡུལ་འགྲོས་སོགས་ཀྱང་ཤིན་ཏུ་ལེགས་པ་བྱུང༌། ཕྱག་འབུལ་རྩིས་ལེན་སོགས་ལེགས་ཆེ་བའི་རྟེན་འབྲེལ་འགྲིག །དྲིན་འགྲན་བྲལ་ཚར་ཆེན་ཆོས་རྗེ་དེས། །གཏམ་སྔོན་མེད་ཆོས་འཁོར་བསྐོར་བའི་གནས། །གླིང་ཐུབ་བསྟན་དགེ་འཕེལ་ཆོས་ཀྱི་ཁྲིར། །ཆོས་ངོ་མཚར་རྒྱུན་གྱི་བསྟན་པ་དར། །དེ་ནས་ངེད་ཀྱིས་ཚ་ལུང་སྐྱིད་མོ་གཤོངས་སུ་སླེབ། སང་ཉིན་གཟའ་སྐར་འཛོམ་པས་ཆོས་འཁོར་ཡང་རྩེའི་ཕྱག་འབུལ་ལེན་པ་ལ་འབྱོན་དགོས་གསུང༌། ནང་པར་སྔ་བའི་ཆ་ལ་མི་དབང་བསོད་ནམས་ལྷུན་ཆེན་དང༌། དགྲ་འདུལ་དོན་གྲུབ་སྐུ་མཆེད་ཀྱིས་གཙོས་པའི་ཆིབས་རགས་རྣམས་ཀྱི་སེར་སྦྲེང༌། དར་གདུགས་སྒྲ་རོལ་ཆ་དང་བཅས་ཕྱིན་པས་བྱ་རོག་ཤིན་ཏུ་མང་བ་བརྒྱ་ཕྲག་ཙམ་འཕུར་ཞིང་ལྡིང་བས་སྐྱིད་གཤོངས་ནས་དགོན་པའི་བར་ལ་ཐིབས་ཐིབས་བྱུང་བས་ཆོས་སྐྱོང་སྲུང་མ་རྣམས་ཀྱིས་བསུ་བ་ཡིན་པར་འདུག་ཟེར་བ་ཡང་བྱུང༌། མེ་ཏོག་གི་ཆར་ཡང་ཤིན་ཏུ་མང་བ་བབས་ཟེར། དེའི་ཉིན་ཕྱག་འབུལ་གྱི་དགའ་སྟོན་ལེགས་ཚོགས་ཤིན་ཏུ་ཆེ་བ་བྱུང༌། རྗེ་བླ་མའི་འཇིགས་མེད་སེང་གེའི་