[A:༥༡༦]ཁྲིར། །ཁོང་ཆོས་སྐྱོང་སྲུང་མས་མདུན་ནས་བསུས། །གཞན་དད་ལྡན་འཕན་གདུགས་རོལ་མོས་བསྟར། །ཆོས་སློབ་བཤད་བསྟན་པ་དེ་ནས་དར། །ཁོང་ལྷག་བསམ་གྱི་ཟླ་ཚེས་སྙིང་ལ་འཁྲུངས། །ཐུགས་རབ་དགྱེས་བདུད་རྩིའི་ཐིགས་པ་འཛག །ལམ་ཟབ་མོའི་འོད་དཀར་ཕྱོགས་བརྒྱར་འཕྲོ། །གཞན་ཕས་རྒོལ་གྱི་མུན་བཏུབ་ས་མཐར་བྲོས། །དེ་ནས་ལུག །སྤྲེལ། བྱ་ཁྱིའི་བར་དགོས་གལ་ཆེ་བའི་སྐབས་རེ་ཙམ་མ་གཏོགས་བྱ་གཤོངས་སུ་འཆད་ཉན་འཆག་མེད་བྱས། སྤྲེ་ལོ་དཔྱིད་ངེད་རང་གི་ཚ་བོ་སྙིང་ལ་གཅེས་པ་ཞིག་ཡོད་པ་དེ་དེ་སྔ་ཡན་རང་གི་རྩར་ཡོད་ཙ་ན་ཀུ་རེ་དང་བཞད་གད་བྱེད་ཀྱིན་དགའ་སག་གེ་ཡོང་བ་ཞིག་ཡོད་ཀྱང༌། ནང་ཞིག་ཞོགས་ཆོས་སྟེང་ནས་བླ་བྲང་དུ་སླེབ་ཙམ་ན་ངེད་ཀྱི་གཞོགས་སུ་གླེང་མོ་ཡང་མི་ཟེར་བར་ངོ་མནན་ནས་བསྡད་འདུག །སེམས་ལ་མི་འདོད་པ་ཞིག་བྱུང་འདུག་བསམ་པ་མ་གཏོགས་རང་དཔེ་ལྟ་ལ་ཡེངས་ནས་ཅི་ཡིན་ཟེར་བ་ཡང་མ་བྱུང༌། སྔ་ཆོས་གྲོལ་ནས་ངེད་ཀྱི་འཁྲིས་སུ་བྱུང་སྔར་གྱི་ནད་ཐུ་མོ་དེ་ལངས་ནས་ཤིན་ཏུ་ན་བ་ཞིག་འདུག་ཟེར་བས་སེམས་ཤིན་ཏུ་འཚབ་དྲུང་འཚོ་ལེགས་གྲུབ་པ་པོས་སྨན་བཅོས་འདྲ་བྱས། རང་གིས་ཚེ་དབང༌། ཚོགས་སུ་མང་ཇ་སོགས་རིམ་གྲོ་ཅི་ལྕོགས་བྱས་ཀྱང་སྐྱེད་མི་འདུག་སྔར་ཡིན་ན་ཚེ་དབང་ལ་སྐྱེད་ཐོན་ཙམ་ཡོད་ཀྱང་ད་ལན་སྐྱེད་ཡེ་མི་འདུག་བུ་ཚ་འདི་འཚོ་ཐུབ་པ་ཞིག་མི་ཡོང་བ་འདྲ་བྱས་པས། དྲུང་འཚོ་བ་ཁྱེད་རང་སེམས་ཆུང་བས་ཡིན་འདི་ལ་དེ་འདྲའི་སྐྱོན་ཅི་ཡོད་ཟེར། དྲུང་འཚོ་ལེགས་གྲུབ་པས་དགོས་མེད་ཀྱི་སྟོང་སྐད་ཆེན་པོ་ཟེར་བ་ལ་ཁོ་བློ་འགྲོ་མོ་མི་འདུག་པས་རོག་ཚོ་བྱང་པ་རྡོར་སྨྱོན་ཡང་སྤྱན་དྲངས། དགེ་འདུན་རྣམས་ཀྱིས་རིམ་གྲོ་ཡང་ཚད་མེད་བྱས་ཀྱང་ཞག་བཅུ་གསུམ་བཅུ་བཞི་སོང་ཙ་ན་སྨན་པ་