R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༡༧
[A:༥༡༧]གཉིས་གྲོས་བཅས་ཀྱི་སྨན་ཞིག་བཏང་བས་རིག་པ་མོག་ཏུ་ཀ་སོང༌། ཉི་མ་དགོངས་སོང་བ་ལ་སྔར་མིག་སྡོད་པ་ཡེ་མི་ཡོང་བ་ལ་མིག་ཕྲ་ཧྲིག་པ་ཞིག་བལྟས་བྱུང་ཅུང་ཟད་དྲག་ཏུ་འགྲོ་བ་ཨེ་ཡིན་བསམ་ཙ་ན་དེའི་འཕྲོ་ལ་མིག་སྐྱ་རློག་བྱས་སོང་སྟོབས་གཞན་སྟོན་རྒྱུ་ནི་མ་བྱུང༌། འདའ་ཀ་མའི་གསལ་འདེབས་རྒྱས་པ་ཞིག་བྱས། སང་སྔ་དྲོ་བལྟས་པས་ཚངས་བུག་རུས་པ་རིམ་པ་ལོག་གེ་བ་ཞིག་འཕགས་འདུག །དེ་ནས་སྟེང་དུ་ཕྱིན་རྗེ་མཁན་ལ་ཐུགས་དམ་འདོགས་ཀྱི་ཞུ་ཡིག་ཅིག་བཞེངས་ཙ་ན་སེམས་ཤིན་ཏུ་སྐྱོ་ཁོ་ཆུང་ཆུང་ནས་ཕ་མ་སྤུན་ཟླ་རྣམས་རྒྱབ་ཏུ་བསྐྱུར། ངེད་ཀྱི་རྗེས་ལ་བསྒྱིལ་བས་མ་ཐུབ་པར་འབྲངས་གཡོག་གོ་ཆོད་མེད་ཐབས་མེད་པ་ཞིག་བྱས་ཏེ་མེ་ཏོག་དབྱར་སྐམ་གྱིས་དུས་འདི་ལྟ་བུ་བྱུང་སྙམ་མཆི་མ་ཡང་མང་དུ་ཤོར། ཆོས་རྗེ་འཇམ་དབྱངས་པ་སོགས་རོགས་རྣམས་ཀྱང་དེ་འདྲ་མ་མཛད་ཟེར་ཞིང་མིག་ཆུ་མང་དུ་གཏོང་གིན་འདུག །རང་ཡིད་ལ་གཅགས་པ་གཅེས་པའི་སྙིང༌། །ཁོ་འཆི་བདག་བདུད་ཀྱིས་ཁྲལ་ནས་སོང༌། །སེམས་སྐྱོ་ནས་མིག་ཆུའི་ཐིགས་པ་འབབ། །ལས་བསགས་པ་མྱོང་སྙམ་སྡུག་བསྲན་བསྐྱེད། །སྙིང་རྗེ་ནས་བཟོད་ཐབས་མི་འདུག་ཀྱང༌། །ཆོས་འདའ་ཀ་ཟབ་མོའི་འཕྲུལ་འཁོར་གྱིས། །སེམས་སྐར་མདའ་འཕངས་བཞིན་གནས་བཟང་བསྐྱལ། རང་དེ་ཙམ་ཡིན་སྙམ་བློས་སྣ་བསྲིང༌། །རང་དར་རྒྱས་ཀྱི་རྣམ་ཐར་སྐྱོང་ཙ་ན། །ཅི་བྱས་ཀྱང་བདེ་བདེ་འདྲ་ལགས་ནའང༌། །དུས་འགྱུར་བའི་སྡུག་བསྔལ་ཞིག་དྲན་ཙ་ན། །གནས་རི་ཁྲོད་ཅིག་དྲན་པས་བློས་སྣ་ཐུངས། །དེ་ནས་བཀའ་ལྔ་པ་གྲགས་བཟང་དང་ཐོག་ནས་གུས་ཞེན་ཤིན་ཏུ་ཆེ་བས་རོགས་བྱས། ཚ་བོའི་དོན་དུ་མང་ཇ་