[A:༥༡༨]འགྱེད་བཅས་སོགས་བཏང་བུ་ཚ་འདའ་བའི་གོང་ཙམ་དུ་བྱ་གཤོངས་གླིང་ཁྲོད་དུ་ནུབ་དགོན་དགེ་སློང་ཞིག་འདའ་བའི་སྔས་མགོར་འཕོ་བ་ལ་ཕྱིན་འདའ་ཀ་གསལ་འདེབས་བྱས། སང་སྔ་དྲོ་རོགས་རྣམས་ཀྱིས་བལྟས་པས་ཚངས་བུག་བརྡོལ་བྱང་སེམས་འཛགས། མགོ་བོའི་སྐྲ་དང་སྙེལ་ཐོ་གཉིས་འབྱར་ནས་འདུག་ཟེར། ངེད་རང་གི་གཡོག་རྣམ་རྒྱལ་ཀླུ་སྒྲུབ་ཟེར་བ་ཞིག་ཡོད་པ་དེས་རང་རེའི་བླ་མ་འདིས་མིའི་ཐོད་པ་གཅོག་ན་ཤེས་ཤེས་ཟེར། དེ་ནས་རང་གིས་ཀྱང་དཔེ་ལྟ་དང་བསམ་མནོ་རྒྱུན་ཆགས་ལ་བཏང་བས་པོ་ཏི་སོ་སོའི་གཞུང་འགྲེལ་གྱི་བཤད་པ། རང་ལུགས་ཀྱི་བརྡ་ཆད་ཞིབ་རྒྱས། རང་དང་གཞན་ཁུལ་དུ་དོགས་པ་གཅོད་པའི་ལུང་རིགས་ཀྱི་རྣམ་གཞག་ཚིག་ཙམ་མ་ཡིན་པར་ངེས་པ་འགྲོངས། མཁས་པ་གོང་མ་དག་གིས་དགག་སྒྲུབ་མཛད་པ་ལ་ཡང་ལེགས་ཉེས་ཀྱི་ཤན་འབྱེད་པའི་རྣམ་དཔྱོད་ཀྱི་སྤོབས་པ་གཞན་ལ་ཇི་མི་སྙམ་པ་ཤར་ཆོས་འཆད་པ་ལ་ཡང་སྤྲོ་སག་གེ་བ་བྱུང༌། སློབ་མ་རྣམས་ཀྱིས་ཀྱང་རང་གིས་གང་བཤད་ཁ་ནས་ལྷུང་མ་ཐག་སུས་ཐོབ་བྱས་བཟུང་ཟིན་མ་ཐག་སྐྱོང་ཐར་འུར་ཆིལ་ལེ་བ་བྱས་པས་རང་གཞན་སྤྲོ་སག་གེ་བ་ཞིག་ཡོད་ཀྱང་བྱ་ལོའི་གཞུག་དེ་ཙམ་ནས་ཐོ་རེངས་སྐར་མ་ཁྲ་ཆིལ་ལེ་བ་རླུང་པོ་འུར་ཆིལ་ལེ་བ་ལ་ལྡང་དགོས་པ་དེ་ལ་འཚེར་བྱ་ཤིན་ཏུ་ཆེ་བ་བྱུང༌། ཆོས་ཁྲིའི་སྟེང་དུ་སླེབ་རང་གི་ལམ་བསྡུས་བྱེད་རིང་གྲྭ་པ་རྣམས་ཀྱང་སིབ་སིབ་འདུས་ཤར་སྦྱངས་འུར་ཐག་གེ་བ་བྱས། གཎྜེ་བྱུང་འཕྲལ་གླིང་སོ་སོ་ནས་གྲྭ་པ་རྣམས་ཆོས་གྲྭ་ལ་སུས་ཐོབ་བྱས་སྒོ་ཐག་ཟེར་ཞིང་འདུས་ཡོང་བ་ཤིན་ཏུ་བྲོད་པ་ཞིག་ཡོང༌། དེ་སྟབས་ཀྱི་གདན་ས་འཇོག་ཟེར་བ་ཡང་མ་ནུས། ལོ་ན་ཚོད་ཀྱིས་ལུས་སེམས་ཁོགས་ན་ཡང༌། །ཡུལ་དབུས་