[A:༥༢༠]ཆོས་སྤྱོད་བསྐུལ་ཀྱང་ལྐོག་འདེགས་མཁན་ཡང་མ་བྱུང༌། དབུ་མཛད་རང་ཡང་མཆི་མ་ཤོར་ནས་མགོ་ཕུར་ནས་སྡོད་དགོས་བྱུང༌། རང་ཡང་གྲྭ་པ་འདི་རྣམས་ཀྱང་བདེན་རང་ཤི་ཡང་འདི་ཙམ་གྱི་ངུ་དབྱངས་བྱེད་མི་ནུས་སྙམ་སེམས་སྐྱོ་ནས་མཆི་མ་མང་པོ་ཤོར། རང་གི་རོགས་བཟང་ང་ཟེར་བ་འདིས་ཉུང་ཇ་འདེབས་པ་ལ་ཡོང་ཚེ་གྲ་པ་རྣམས་དེ་ལྟར་སྤྱན་ཆབ་བསིལ་བ་མཐོང་སེམས་སྐྱོ་སྡུག་དྲགས་ནས་སྡོད་མ་ནུས་པར་བྲོས་ནས་ཕྱིན་ཟེར། ཁོང་གྲྭ་པ་རྣམས་ཆོས་ཀྱི་འདོད་པས་གདུངས། །ཡིད་གདུང་ཤུགས་ཀྱི་དད་པས་མཆི་མ་འཛག །ངག་མགྲིན་པ་རྣམས་འདར་བཞིན་དུ་དབྱངས་བྱས། །རང་དྲན་འཛིན་གྱི་བཟུང་ཡང་མཆི་མ་ཤོར། །ཕུ་གངས་ཀྱི་རི་སུལ་ཉི་མས་བཞུ། །རེག་བསིལ་བའི་ཆུ་ཀླུང་ཕྱོགས་བརྒྱར་འབབ། །གངས་རལ་བའི་གད་རྒྱངས་རྣ་བ་རྩུབ། །ཡིད་ངེས་འབྱུང་ཆུ་ཐིགས་བདུད་རྩི་ཡིན། །དེ་ལྟ་བུའི་གཏམ་རྩེ་ཆེན་སྡེ་པ་དཔོན་པོ་བས་གསན་པས་དེ་འདྲ་ངོ་མཚར་ཆེ་གྲྭ་སྐྱག་གི་མིག་ནས་མཆི་མ་འཆོར་བ་ཡིད་བཞིན་གྱི་ནོར་བུ་བས་དཀོན་ཟེར་གྱིན་འདུག་གོ་ཟེར། ཕྱོགས་གཞན་ན་ཡང་དེ་ལྟར་ཐོས་པས་བྱ་གཤོངས་པས་དེ་འདྲ་དགའ་མོ་ཡིན་འདི་ཕྱོགས་ལ་བླ་མ་ལག་འདོན་མས་ན་རབ་ཡིན་ཟེར་གྱིན་འདུག་ཟེར། དེ་ནས་མང་ཇ་དེ་ལ་ཐུས་དེ་ཙམ་བྱུང་བར་གྲྭ་པ་རྣམས་སེམས་མནོང་ཞིང་འགྱེས་དགོས་བྱུང༌། དེ་ནས་ཁོང་གྲྭ་པ་རྣམས་ཀྱིས་གསོལ་ཕུ་ནས་འབྱོར་ལགས་དང༌། ཕུ་གསུམ་ནས་བྱང་སེམས་དྲུང་ཞུ་ངོ་ལ་སྦྲན་ནས་འདུ་ཁང་དུ་བྱས་ན་སྔར་བཞིན་བྱུང་དོགས་བླ་བྲང་དུ་གསོལ་ཇ་འབུལ་རྟེན་བཟང་པོ་དང་བཅས་ལོ་རྒྱུན་མཐུད་དགོས་པའི་བཀའ་ལུང་ནན་ཆགས་གནང་གིན་འདུག །རང་ལ་ཡང་བྱེད་དཀའ་མོ་བྱུང་ནས་