R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༡
[A:༥༢༡]གདན་ས་པ་གཅིག་ཐུས་སུ་ལྷུགས་པ་བྱས་རང་གིས་ལོ་གསུམ་འདི་གར་བསྡད། ཞིབ་ཐལ་མགྲོན་པོའི་ཁ་འཛིན་སོགས་སྔར་བཞིན་བྱས་ནས་དེ་ཙམ་ལ་ཐུས་དོན་གནང་དགོས་པ་འདྲ་ཞུས། ཁོང་རྣམས་གཉིས་ཀྱིས་ཀྱང་དེ་བཞིན་སྐོར་ཡང་བྱས་པས་གྲུབ་དོན་དེ་ལ་བསྡུས། གདན་སའི་ཐུས་བྱས་པས་ཆོས་རྗེ་བྱམས་བཟང་བ་བརྟག་པ་དང་པོ། །འགའ་རོང་པ་གཉིས་པ་ཡིན་པས་ཁོང་བཞིས་གདན་འདྲེན་ལ་ཕྱིན་ཆོས་རྗེ་བྱམས་བཟང་པ་སྐུ་གཟུགས་ཀྱིས་མི་ལྕོགས་གསུང་མ་བྱོན། ཆོས་རྗེ་འགའ་རོང་པ་འབྱོན་པར་བྱས་སྔར་འཁྱུད་བཞིན་ཟླ་བ་བདུན་པ་ལ་བཀོད་པར་བྱས། རང་གི་བསམ་པ་ལ་དེ་ལྟར་བྱུང་ན་ཤིན་ཏུ་ལེགས་འདུག །འཆད་ཉན་གྱི་རྐང་གདན་ས་པས་གནང་རང་གི་སྔར་གྱི་ཡིག་ཆ་རྩོམ་འཕྲོ་རྣམས་འཕྲོ་རྫོགས་པ་དང༌། སླར་རྩོམ་དགོས་པ་འདྲ་གྲུབ་ནའང་གྲྭ་ས་ལ་ཕན་པ་འདུག་བསམ་པའི་བློ་བདེ་འབོལ་ལ་བྱས། ཕྱིས་གདན་ས་བསྐོས་ནས་སྔར་བཞིན་ཆད་དོན་ལ་གནས་པ་ཞིག་དགོས་གསུང་ཡོང་ངམ་བསམ་བྱུང་ཙ་ན། དེ་འདྲའི་འཕྲོས་ཟུར་ཙམ་ཡང་མ་བྱུང་བས་རང་བདེ་སར་ཐོན་བློ་བདེ་འབོལ་ལེ་ཤིག་གེ་བ་ཞིག་དེ་ནས་བྱུང་བ་ཡིན། སྔར་ཀུན་མཁྱེན་ཆེན་པོ་ལྕགས་ཐང་པས་རྨི་ལམ་དུ་བརྒྱུད་བྱིན་གྱིས་བརླབས་ཞབས་དང་སེག་ཀ་ལི་སྤྱི་བོར་བཞག་སྨོན་ལམ་མང་དུ་མཛད་ཁྱོད་ལ་ལོ་ཅུ་གཉིས་ལས་སྡོད་དབང་མི་འདུག་གསུང་བ་དེ་བྱ་གཤོངས་སུ་ཁྱི་ལོ་ནས་ཁྱི་ལོའི་བར་ལོ་ངོ་བཅུ་གསུམ་ཡིན་ཀྱང་ཧྲིལ་པོ་བཅུ་གཉིས་ཡིན་པས། དེ་ནས་འདར་གྲང་ཆེན་དུ་རྗེ་ཚར་ཆེན་གྱི་ཆོས་སྐྱོང་གིས་རང་དབང་མེད་པར་བཀུག་པ་དེའི་ལུང་བསྟན་དུ་ཡིད་ཆེས་པར་བྱས་