[A:༥༢༢]པ་ཡིན་ནོ། །ཁོང་སྦྱིན་བདག་གཉིས་ཀྱི་བཀའ་མ་ཆོགས། །བདག་གཡོ་ཟོག་མེད་པར་དམ་བཅས་ཀྱང༌། །རྗེ་ཚར་ཆེན་ཆོས་སྲུང་གཉན་པོ་ཡིས། །དམ་བཅས་པའི་ར་བ་བརྒལ་ནས་སོང༌། །རང་ལྷག་བསམ་གྱི་འཇའ་རིས་དྲང་ན་ཡང༌། །གཞན་འགྱུ་མང་གི་རྡུལ་དམར་ཚུབ་སེ་བ། །ཁོང་ཐུགས་འཆར་གྱི་གཞན་རླུང་དྲི་ངན་ཡང༌། །རང་ལྷག་བསམ་གྱི་དྲི་བཟང་འཁོར་བས་བྲོད། །ཅི་གཞན་བསམ་འཁྲུལ་པ་མིན་ཡང་སླ། །འཁོར་ཆོས་སྐྱོང་སྲུང་མས་བློ་ཁ་བསྒྱུར། །བདག་རང་གི་རེ་བ་རྫོགས་ནས་སོང༌། །ཁྱེད་བུ་སློབ་རྣམས་རང་སེམས་མ་འཕམ་ཞིག་སླར་གདན་ས་གསར་བསྐོས་ཀྱི་ཚེ་མཁན་ཆེན་བཟང་པོ་བཀྲ་ཤིས་ཀྱིས་མཁན་བློ་གྲོས་རྣམ་རྒྱལ་གསར་བསྐོས་ཀྱི་ཚེ་སྦྱིན་བདག་ཁ་ཁ་སོ་སོ་ལ་སྦྱོར་སྤྲོད་ལ་ཕེབས་འདུག །བདག་གིས་ཀྱང་འཇམ་མགོན་སངས་རྒྱས་རྒྱལ་མཚན་ལ་དེ་བཞིན་ཕེབས་པ་ཞིག་དགོས་ཞུས་ཀྱང་མི་དགོས་གསུང་ཞལ་གྱིས་མ་བཞེས། འོ་ན་བདག་མཇལ་ཕྲད་ལ་འགྲོ་བ་ལ་ཐུགས་རྒྱུས་ཀྱི་སྟེང་ནས་རབ་འབྱམས་པ་འདི་དང་འདི་རྒྱུག་གསུང་བ་ཞིག་དགོས་ཞུས་ཀྱང་ཁྱེད་རང་གིས་མཛད་པས་ཡོང་གསུང་མ་མཛད། དེ་ནས་ངེད་རང་གིས་རྩེ་ཆེན་རབ་འབྱམས་པ་ཆོས་འཕེལ་དང༌། བྱང་པ་རབ་འབྱམས་པ་ནམ་མཁའ་སོགས་ཁྲིད་ནས་ཕྱིན་ད་ལན་ཡང་ཆོས་རྗེ་གདན་ས་པས་སྦྱིན་བདག་རྣམས་ལ་སྦྱོར་སྤྲོད་ལ་འགྲོ་དགོས་གསུང་བྱུང་བ་ལ་སྔར་ཅི་རིགས་འདུག་ཀྱང་གྲྭ་ས་ལ་ཕན་ན་ཅིས་ཀྱང་ཕྱིན་པས་ཆོག་ཞུས། གནས་མཉན་ཡོད་ཆོས་ཀྱི་སྐྱེད་ཚལ་ནས། །གཞན་གདན་ས་འཕྲོད་པའི་དགའ་སྤྲོར་བཅས། །བདག་དཔོན་སློབ་རྣམས་ཀྱང་ལམ་དུ་ཆས། །ཁོང་ལྷ་མི་དད་པས་སྐྱེལ་བསུ་བྱས། །དེ་ནས་ངེད་རང་གི་རོགས་དྲུང་