[A:༥༢༣]རམས་པ་འཇམ་དབྱངས། དྲུང་རམས་པ་ནམ་མཁའ། རྗེ་དཔོན་སྐྱིད་གཤོངས་པ་མིང་དངོས་མང་ཐོས་བྱམས་པ་སྨྲ་བའི་དབང་ཕྱུག །དིང་སང་འགྲོ་མགོན་དུ་གྲགས་པ་རྟགས་དབོན་བཟང་ང༌། རི་མོ་བ་བསྟན་རྒྱན་རྣམས་ཁྲིད། བྱ་གཤོངས་ནས་རྫིང་ལུང་དུ་ཇ་སྦྱོར་གསུམ་ཙམ་གྱི་བར་བསྡད་ནས་བེར་ཆེན་བླ་བྲང་དུ་སླེབ། གནས་ཚང་རྣམས་ཀྱིས་དགའ་སྤྲོ་དཔག་ཏུ་མེད་པ་བྱས་ཚེ་དབང་དགོས་ཟེར་དེ་ག་བཞིན་བྱས། ལམ་བར་གྱི་ཐབ་ཆས་སོགས་ཀྱང་དངོས་གཙང་ཕུལ། དེ་ནས་སང་ཉིན་གུང་ཚིག་ལ་སྲད་རྒོད་དང་སྣར་ཐང་དུ་སླེབ། ཕུན་ཚོགས་གླིང་དུ་སྣར་ཐང་སྡེ་སྲིད་དང་མཇལ་འབེལ་བའི་གཏམ་ཤིན་ཏུ་སྨྲ་བ་བྱུང་གནང་སྦྱིན་ཟུར་གསོས་སོགས་ཤིན་ཏུ་བཟབས་པ་མཛད། ཡོང་ཁར་སྡེ་སྲིད་རང་བཞེངས་ནས་ཁྱེད་འཛམ་གླིང་མཁས་པའི་ཉི་མ་ཡིན་པས་ཡང་དང་ཡང་དུ་མཇལ་ལོ་གསུང་བྱུང་ཀྱང་དེ་མན་ཆད་མཇལ་བ་གཅིག་མ་བྱུང༌། ཁོང་སྣར་ཐང་མི་ཡི་དབང་པོ་དེས། །ཆོས་འབེལ་བའི་གཏམ་ལ་ཤིན་ཏུ་དགྱེས། །ཐུགས་སྣང་བ་དག་པས་དགག་སྒྲུབ་འཕེལ། །ཡིད་དཔྱོད་ལྡན་ཐལ་སྦྱར་མདོང་གསོལ་ཕུལ། །དེ་ནས་སང་ཉིན་བསམ་གྲུབ་རྩེར་སླེབ་གནས་གཙང་འབུམ་ཁང་པ་རྙིང་པ་རྣམས་ནི་མི་འདུག །གྲང་ཆེན་པ་ལ་འབུམ་ཁང་གནང་འདུག་པས་དེར་བསྡད་གྲང་ཆེན་པས་ཀྱང་གནས་མགྲོན་གྱི་དམ་ཚིག་གཙང་མ་བསྲུངས། རྩེ་ན་སྡེ་པ་ཀུན་སྤངས་དྲུང་དང་མཐུ་སྟོབས་དྲུང་བཞུགས་པ་དང་མཇལ། བུ་རམ་གོར་ལ་སོགས་པ་བཞེས་སྤྲོའི་རྣམ་གྲངས་ཤིན་ཏུ་མང་བ་དང་གནང་སྦྱིན་ཟུར་གསོས་སོགས་བཟབས་པར་གྱུར། དཔོན་ས་རྒྱལ་