[A:༥༢༤]ཆེན་གླིང་མས་ཀྱང་གཟིམས་ཆུང་དུ་གསོལ་ཆ་བཞེས་སྤྲོ་སོགས་གནང༌། སྤྲུལ་སྐུ་སྨན་ཐང་ནས་དང་རྩེ་ཆེན་སྡེ་པ་ཕུན་ཚོགས་པས་ཀྱང་གསོལ་ཇ་ཤངས་ལེན་སོགས་མཛད། མཁར་མིང་ཅན་བསམ་གྲུབ་རྩེ་ཆེན་ན། །མི་གཡེར་ཅན་གྱི་ཀུན་སྤངས་མཆེད་དང་མཇལ། །སྲོལ་འཇིག་རྟེན་གྱི་གཞུང་ལུགས་དེ་ན་འདུག །གཏམ་སྙན་གྲགས་ཀྱི་དྲིལ་རྔ་སྒྲོག་ཅིང་སྣང༌། །སང་ཉིན་ཚོང་འདུས་སུ་སླེབ་གནས་པོ་ཤར་བའི་ཁང་པར་བསྡད། ཚོང་འདུས་གཟིམས་ཁང་རྙིང་པར་སྡེ་པ་ལྷུན་ཆེན་དང་མཇལ། འཕགས་པའི་སྐུ་འདྲ་འབུལ་ཐོབ་མ་སོགས་རྟེན་ངོ་མཚར་ཅན་མང་པོ་མཇལ། སྡེ་པ་ལྷུན་དྲུང་གིས་ཤངས་ལེན་སོགས་ཤིན་ཏུ་བཟབས་པ་མཛད། གནས་ཚོང་འདུས་ཀྱི་གཟིམས་ཁང་རྙིང་པ་ན། །དུས་དེ་ཚེ་ངོ་མཚར་གྱི་ལྟས་མོ་མཐོང༌། །དུས་དེང་སང་ས་ཕུང་གི་ཤུལ་ཡང་མེད། །གནས་འགྱུར་བའི་སྡུག་བསྔལ་འདིས་ཡིད་རབ་འཕྱོ། །གནས་དེར་གནས་པོ་ཤར་བའི་གནས་མོ་དེས་ཤིན་ཏུ་གུས་པར་བྱེད་གསོལ་ཇ་གསོལ་ཐུག་སོགས་ཀྱང་གནས་མོ་རང་གིས་སྦྱོར། ཇ་རྩེ་རྡུམ་གཅིག་ཉོས་པའི་ཕུད་ཡིན་ཟེར་ནས་ཇ་བཟང་པོ་སྦྱར་ངེད་ཀྱིས་མ་ཕུ་བར་ལྷག་མ་གཞན་ལ་སྟེར་གྲབས་བྱས་པས་ངས་དད་པས་ཞུས་པ་ཡིན་གཞན་ལ་གནང་བས་མི་ཡོང་ཟེར་སྟེར་དུ་མ་བཅུག །དེ་ནས་ངེད་ཀྱིས་རྒྱན་གོང་ལྷ་ཁང་དུ་རྗེ་ས་པཎ་གྱིས་བསྙེན་རྫོགས་མཛད་དུས་དབུ་སྐྲ་བསིལ་བའི་རྡོ་ཀྱོང་ཡོད་ཟེར་མཇལ་དུ་ཕྱིན། རྗེ་ཚར་ཆེན་ཞྭ་ལུའི་མཁན་པོ་གནང་དུས་བདག་རྐྱེན་མཛད་པ་ཡིན་ཟེར་ཁྲི་མཐོན་པོ་ཞིག་གི་སྟེང་ན་རྡོ་གཞོང་ཆེན་པོ་ཞིག་འདུག །དེ་ནས་ཕྱག་འབུལ་བྱིན་རླབས་ཞུས་ཚོན་རྩིའི་དར་ལྕོག་བཙུགས་སྨོན་ལམ་གསོལ་བཏབ་བྱས། དཔལ་ལྡན་མའི་ལྷ་ཁང་ཟེར་