[A:༤༠༧]ཟིན་ཀྱང༌། བྱང་བ་དཀར་སེ་བྱུང་བས། སྒྲུབ་ལུང་ཟེར་བའི་དབེན་གནས་ཤིན་ཏུ་བྱམས་ཆོས་ལྔ་སྦྱོང་དར་ལ་མཚམས་བྱས། སྔར་འབྲོག་ཕྲུག་གི་ཚེ་ཤ་དམར་པོ་མང་པོ་མཐོང་བས་རྐྱེན་བྱས་འཇིགས་སྐྲག་གི་བརྒྱལ་འགྲོ་བ་ལྟ་བུ་དང༌། བརྗོད་མི་ཤེས་པའི་ཉམས་སྣང་སྣ་ཚོགས་འཆར་བ་ཞིག་ཡོད་པ་ལ། འབྲོག་པ་རྣམས་ཀྱི་ཤ་དམར་པོ་ནང་ལ་ཁུར་ཡོངས་ཙ་ན་ངེད་ལ་སྦེད་དགོས་པ་ཞིག་ཡོད་ཟེར། མཚམས་ཀྱི་སྐབས་དེ་ནས་གཉིད་ཀྱི་རྨི་ལམ་ན་སྔར་གྱི་སྣང་བ་དེ་འདྲ་ཤར་བ་ལ་འཇིགས་པའི་སྣང་བ་མེད་པར་བདེ་ཆམ་འགྲོ་བ་དང༌། དག་མ་དག་གི་ཡུལ་སྣང་ལྟ་བའི་འདུན་པས། དགའ་ལྡན་དུ་བྱམས་མགོན་མཇལ་བ་ལ་འགྲོ་སྙམ་ཙ་ན་སྟེང་ཕྱོགས་ལ་ལིང་ལིང་འཕུར། ལྟེ་འོག་ནས་རྩའི་སྦུབས་ནས་རླུང་ཧུ་རུ་རུ་ཞུགས། སྤྱི་གཙུག་ཏུ་སླེབ་པ་དང༌། རྣམ་ཤེས་མཐོན་འགྲོ་བ་སྙམ་བྱེད་པ་དང་སྤྱི་གཙུག་ཏུ་རླུང་ཁྱིལ་ལི་ལི་ཅུང་ཟད་འཁྱིལ་ནས་ཉམས་སད་ཡོང་བ་དེ་འདྲ་བྱུང༌། དེ་མན་རྨི་ལམ་དུ་ཉམས་སྣང་དེ་འདྲ་རྒྱུན་ཆགས་ལ་ཡོང་བ་ཞིག་བྱུང༌། རྨི་ལམ་ཉིང་འཁྲུལ་དག་པའི་འོད་གསལ་དང༌། དག་དང་མ་དག་ཡུལ་སྣང་ལྟ་བ་སོགས། །སྔོན་གྱི་ལས་འཕྲོ་སད་པ་ལས་བྱུང་ལྟར། །རྟེན་འབྲེལ་སྒྱུ་མའི་རོལ་རྩེད་ངོ་མཚར་གནས། །ཡང་དེ་ལྟ་བུའི་སྐབས་ཤིག་ན། གྲོགས་བཙུན་ཆུང་དྲུང་སྐྱབས་ཟེར་བ་ཞིག་དང་གཉེས་ཆོས་གླིང་དགོན་པའི་ལྟག་རི་སྒང་ཞིག་ཏུ། སློབ་གཉེར་བྱེད་ས་བྲག་ཕུག་བྲུས་པས་རེ་ཞིག་ནས་གླེགས་བམ་ཆུང་ངུ་ཞིག་ཐོན་བྱུང་བས། གྲོགས་དེ་ན་རེ། འདི་ཁྱེད་ཀྱི་ཡིན་ཟེར་བས། ངས་ཀྱང་ཡིན་བྱས་བླངས་ནས་བལྟས་པས་བིརྺ་པ་དང་གོང་མ་ལྔའི་བསྟོད་པ་པར་མ་ཁྲ་གསལ་ལེ་འདུག་པས། རྗེ་བཙུན་གོང་མའི་བྱིན་རླབས་འཇུག་པའི་རྟེན་འབྲེལ་གྱི་ཐོག་མ་ཡིན་སྙམ་སེམས་དགའ་བ་ཚད་མེད་པ་སྐྱེས་སོ། །རང་བྱུང་བྲག་ཕུག་