R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༦
[A:༥༢༦]མོ་ཞིག་ཡོད་པ་དེར་བསྡད། སང་ནམ་ལངས་ལ་ཕྱིན་པས་པ་རྣམ་གྱི་ཐང་ཡངས་པོ་དེ་ལ་རྣ་བ་དང་རྐང་པ་ཤིན་ཏུ་འཁྱགས་ཉང་སྟོད་ས་དྲོ་ཟེར་བ་རྫུན་ཡིན་པ་འདྲ་སྙམ་པ་བྱུང༌། དེ་ནས་ཉང་སྟོད་སྟག་རྩེར་སླེབ་སྡེ་པ་ཆོས་མཛད་པས་ཐུགས་ཤིན་ཏུ་དགྱེས་དགྱེས་མཛད་སྐད་ཆེན་པོའི་བཞད་གད་ཐག་གེ་བ་བྱུང་ཞག་གསུམ་བསྡད་ཚེ་དབང་སོགས་མང་དུ་བྱས། དེ་ནས་ཉང་སྟོད་མཁར་ཁ་རྫོང་དུ་ཕྱིན་ཆོས་སྡེའི་མཁན་པོ་མཁན་ཆེན་ལུང་རིགས་པ་དང་མཇལ་ཐུགས་དགྱེས་ཤིང་གང་ཅིའི་གནང་སྦྱིན་བཞེས་སྤྲོ་སོགས་ཤིན་ཏུ་བཟབས་པ་མཛད་པ་ཞིག་འདུག །དེ་ནས་ཇོ་གདན་ཚོགས་པ་སྤོས་ཁང་པ་ཡང་བཞུགས་འདུག་པས་ཚོགས་པའི་རྟེན་མཆོད་རྣམས་དང་མཇལ། ཁྱད་པར་ཁ་ཆེ་པཎ་ཆེན་གྱི་རྫ་སྐུ་བཟོ་རིགས་པ་གཅིག་གིས་ཉིན་གཅིག་ལ་བདུན་བཅོས་ཟེར་བའི་ནང་ཚན་གཅིག་དང༌། རྗེ་བཙུན་དམ་པ་ཀུན་དགའ་གྲོལ་མཆོག་གིས་གནང་ཟེར་བའི་སངས་རྒྱས་ཀྱི་རིང་བསྲེལ་དྲི་གཙང་ཁང་ཆུང་ངུ་ཞིག་གིས་ནང་གང་བ་ཞིག་འདུག་པ་དེ་དང་མཇལ། གནས་ཉང་སྟོད་མཁར་ཁའི་ཕོ་བྲང་ན། །ཁོང་སྤོས་ཁང་ཇོ་གདན་ཚོགས་པ་བཞུགས། །མཁན་ལུང་རིགས་དགྱེས་པའི་དགའ་སྟོན་སྤེལ། །རྟེན་ངོ་མཚར་ཅན་རྣམས་ཞལ་ཡང་མཇལ། །དེ་ནས་སྔ་བར་ལངས་རས་ལ་ཆེན་པོ་དེ་ལ་འཛེགས་ལ་མགོར་སླེབ་ཙ་ན་རོང་ནས་ཡོངས་པའི་ཚོང་པ་བོང་བུ་བཞི་ལ་མར་ཁུ་ཟོམ་བརྒྱུད་བཀལ་ནས་ཡོངས་པ་དང་ཕྲད་རྟེན་འབྲེལ་ལེགས་བྱུང་ཟེར་མར་ཁུ་ནས་མཆོད་ཡར་སོགས་བྱས། ལ་མགོར་ཚ་བཞེས་བཟའ་བའི་ཆོ་ག་བསྟར། རོང་དེ་ལ་ལམ་བདེ་མོ་མི་འདུག་ཀྱང་རྐྱེན་སྐྱོན་མེད་པར་རིན་སྤུངས་སུ་སླེབ། གནས་ཚང་དྲག་པོ་ཆེ་ཟེར་བ་སྔ་སོའི་གནས་ཚང་