R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༧
[A:༥༢༧]ཡིན་པ་དེར་བསྡད། གནས་ཚང་པ་དེ་སྐྱེན་འདུས་དཔོན་ཡིན་པས་མདའ་པ་རྣམས་དེར་འདུས་ཆང་ཀ་སོགས་བྱེད་ཀྱང་ཅ་ཅོ་སོགས་ཡེ་མི་ནུས་པ་ཞིག་འདུག །གནས་ཚང་པའི་ཨོ་ལོ་དཔལ་རབ་ཟེར་བ་དེ་མདའ་ཤིན་ཏུ་བཟང༌། སྐྱེན་འདུས་དཔོན་དྲག་པ་ཞིག་ཡིན་པ་དེས་བླ་མ་རིན་པོ་ཆེ་ང་ཤི་བ་གསན་ཙ་ན་སེ་གོལ་གཏོགས་པ་ཞིག་མཛད་རོགས་མཛོད་ཟེར། དེ་ནས་གོང་ར་ལོ་ཙཱ་བ་རྩེ་ནས་གནང་བྱུང་ནས་ཁྱེད་ལ་ངེད་སྔར་ཡང་ཆོས་ཤིག་ཞུ་བསམ་པ་ཡོད་ཀྱང་གདན་ས་མ་འཁོད་པས་སྟབས་མ་བདེ། ད་གདན་ས་ཡང་འཁོད་འདུག་པས་ངེད་ལ་ཆོས་ཤིག་གནང་དགོས་འདིའི་ཚེས་བརྒྱད་ལ་རྒྱལ་ཕུར་འཛོམ་པ་སོགས་རྟེན་འབྲེལ་ལེགས་ཚོགས་ཆེ་བས་ཆོས་འབྲེལ་གྱི་ཐོག་མ་འགོ་ཚུགས་པ་ཞིག་བྱེད་དོ་གསུང༌། ངེད་ཀྱིས་ཀྱང་གཞན་ཞུ་མ་སྤོབས་ཁྱེད་ལྟ་བུའི་སྡེ་སྲིད་ཆེན་པོ་ལ་དབང་བཀའ་སོགས་འབུལ་བ་གོ་ནད་ཆེ་ནའང་དགོངས་པར་ཡོད་ཕྱིན་བཀའ་བཟློག་མི་བདེ་ཞུས། དེ་ནས་ཚེས་བརྒྱད་ཀྱི་བར་ཞག་ལྔ་ཞོལ་དུ་བསྡད་ཉིན་པར་བཞུགས་གྲལ་ལ་ཕྱིན་འབེལ་གཏམ་སོགས་ཤིན་ཏུ་སྨར་བ་བྱུང༌། དེའི་ཚེས་བརྒྱད་སྔ་མའི་ཆ་ལ་ཕུན་ཚོགས་གླིང་པ། བྱམས་བརྩེ་ལགས་སོགས་དྲུང་འཁོར་རགས་བསྡུས་ཀྱིས་སྤོས་སྣ་བྱས་ཕྱིན་ཚེ་བཀའ་བརྒྱ་རྩའི་ཐོག་མའི་ཚེ་དབང་ཕུལ། དེ་ནས་སྡེ་སྲིད་ཡབ་ཡུམ། སྲས་ནོར་བུ་བཟང་པོ། །ཟླ་བ་བཟང་པོ། །འཇམ་དཔལ་གྲགས་པ། དྲག་པོ་འཁོར་ལོ་སྒྱུར་བ་སྟེ་ཞལ་ངོ་དྲུག་ལ་ཚེ་དབང་བརྒྱ་རྩ། སྒྲོལ་དཀར་བརྒྱ་རྩ། འབྱུང་འདུལ་བརྒྱ་རྩ། དགྱེས་རྡོར་མན་ངག་ལུགས་ཀྱི་སྨིན་བྱེད། དམར་པོ་སྐོར་གསུམ། རྣམ་སྲས་མདུང་དམར་ཅན། གུར་ཞལ་གྱི་རྗེས་གནང་སོགས་དགོས་གསུང་པ་དེ་