[A:༥༢༨]བཞིན་ཕུལ། ཀྱེ་རྡོར་དབང་ལ་ཁ་འབྱམས་མི་རུང་བས་ཕྱག་གཡོག་དྲག་པ་ཞིག་དང་བདུན་མཛད་ན་ཞུས་པས། གཞན་ལ་མི་ཡོང་མཆོད་གཡོག་པས་ཁ་བསྐང་བས་ཆོག་གསུང༌། མཆོད་གཡོག་པ་རབ་འབྱམས་པ་འཇམ་དབྱངས་སྨྲ་བའི་རྒྱ་མཚོས་བྱས། དཔོན་ས་ཡུུ་མ་དྲུང་གིས་ཁྱེད་རང་གསོལ་ཐབ་ཟུར་པ་མཛད་ན་ལེགས་གསུང༌། སྡེ་སྲིད་སྐུ་བགྲེས་པས་ཁྱེད་རང་དང་ཐག་ཉེ་གསོལ་ཇ་ལ་ཐུགས་དད་པས་གསོལ་ཇ་རྒྱུགས་ཀྱང་ཆོག་གཞན་ལའང་གསོལ་ཇ་རྒྱུག་མི་དགོས་གསུང༌། དབང་གི་ཚེ་སྡེ་སྲིད་དྲུང་གིས་དབྲག་འདི་ཁ་གསོལ་ཇ་རྒྱུགས་པས་ཨེ་ཆོག་གསུང་དགོངས་པ་དང་སྦྱོར་ཞུས། དེ་ནས་དབང་བཀའ་བརྒྱ་ཚར་སོགས་ཡུན་རིང་པ་རྣམས་ལ་སྡེ་སྲིད་གསོལ་ཐབ་གསུམ་དང་རང་རེའི་གསོལ་ཇ་རེ་སྟེ་གསོལ་ཇ་བཞི་ཙམ་རེ་ཡོང་གིན་འདུག །སྔོན་ཚེ་འཁོར་ལོས་སྒྱུར་བའི་རྒྱལ་པོ་ལ། །མཐོ་བའི་ཁྲི་བཤམས་སྐྱེ་བོ་འབུམ་གྱི་དབུས། །རྒྱ་མཚོའི་ཆུ་བླངས་རིན་ཆེན་བུམ་པ་བཞིས། །སྤྱི་བོར་དབང་བསྐུར་བཀྲ་ཤིས་མངའ་གསོལ་བཞིན། །ས་སྟེང་འདི་ན་རྒྱལ་སྲིད་མང་ཡོད་ཀྱང༌། །ཆོས་ལུགས་རིགས་བྱེད་སྨྲ་བ་ཁྱོད་གཅིག་པུ། །མཁའ་ལ་འོད་ལྡན་གྲངས་མེད་འཁྲིགས་ན་ཡང༌། །ཚ་ཟེར་འབྱིན་པ་རྟ་བདུན་ལས་གཞན་ཅེས་ཟླ་བོ་དངོས་པོའི་རྒྱན་བཟོད་ནས་སུ། །ལྷག་བསམ་རབ་དཀར་སྒྲ་སྙན་རིག་བྱེད་ཀྱི། །ཆ་ཤས་ཡོངས་རྫོགས་རིན་སྤུངས་རྒྱལ་སྲིད་ཆེར། །བཤེས་གཉེན་ཀླུ་དབང་གཙུགས་ནས་དབང་བསྐུར་བས། །ཆབ་སྲིད་རྒྱ་མཚོའི་བྱིངས་ལྟར་འཕེལ་གྱུར་ཅིག །དེ་ནས་དབང་བཀའ་རྣམས་རིམ་པས་གྲུབ། རྣམ་སྲས་མདུང་དམར་ཅན་གྱི་རྗེས་གནང་གི་ཚེ་ངག་དབང་ནོར་བུ་བཟང་པོའི་གསུང་གིས་ཁྱེད་བླ་མ་རྣམས་ལ་ཡང་གསུང་ཆོས་སྨར་ཟོང་མང་