R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༢༩
[A:༥༢༩]པོ་ཡོད་པས་ད་ལན་སྨར་ཆེར་རང་ཞིག་དགོས་སོ་གསུང་དེ་ག་བཞིན་གང་ཡོད་ཕུལ། གཏོར་མ་ཁང་བརྩེགས་དེ་ཡང་དེ་འཕྲལ་གཏོར་སྒམ་བཅོས་ནས་གཟིམས་ཆུང་དུ་འཇུག་པ་གནང་སོང༌། དེ་ནས་སྔར་ཡིན་ན་རིན་སྤུངས་འདིར་སྦྱིན་སྲེག་རྒྱུན་ཆགས་བྱེད་པ་ཞིག་ཡོད་ནའང་ཕྱིས་ཡེ་མ་བྱུང་ད་ཁྱེད་ཀྱིས་ཞི་རྒྱས་དབང་དྲག་བཞིའི་སྦྱིན་སྲེག་མཛད་དགོས་གསུང༌། རང་རེས་དྲག་པོ་ནི་མ་བྱས་དྲག་པོ་ཡང་ཚང་བ་ཡིན་པས་ལས་ཐམས་ཅད་པའི་སྦྱིན་སྲེག་དང་ཞི་རྒྱས་དབང་གི་སྦྱིན་སྲེག་སྟེ་བཞི་བྱས། དེང་སང་གི་ཞ་ལུ་པ་རྣམས་དང་ཀརྨ་པ་འགའ་ཞིག་གི་ཕྱག་སྲོལ་མཆོད་རྫས་རྣམས་ཀྱང་མེ་ལ་འབུལ་བ་དང༌། ཁྱད་པར་སྦྱིན་བདག་རྣམས་ཀྱང་སྦྱིན་སྲེག་བྱེད་སར་ཡོང་དགོས་ཟེར་བ་དང༌། དར་གོས་གསེར་དངུལ་སོགས་ཀྱང་སྦྱིན་བདག་རང་གིས་སྨོན་ལམ་མང་པོ་བཏབ་ནས་མེ་ནང་དུ་བསྐྱུར་གྱིན་འདུག་ཁྱེད་ཀྱང་དེ་ལྟར་བྱེད་དམ་གསུང༌། དེ་ལྟར་གཞན་བྱེད་པ་ནི་སྲེག་རྫས་དང་མཆོད་རྫས་ཀྱི་ཤན་མ་ཕྱེད་པ་འདྲ་ཁྱད་པར་ཞལ་ཟས་དང་གཏོར་མ་རྣམས་ནི་གོང་དུ་མེ་ལྷ་ལ་ཕུལ་ཟིན་པས་རོ་མ་གཅིག་མེ་ནང་དུ་བཅུག་པ་ལ་དགོས་པ་ཅི་ཡོད། གསེར་དངུལ་སོགས་རིན་པོ་ཆེའི་རིགས་འདི་སྲེག་རྫས་ལ་དགོས་པའི་སྐབས་ཡོད་ཀྱང་རྣམ་པ་ཐམས་ཅད་དུ་མིན་ཁོང་རྣམས་ཕྱག་ལེན་ཟལ་སྣང་སྲོལ་དུ་ཤོར་བ་འདྲ་ཞུས། ཞབས་དྲུང་སྐུ་བགྲེས་པའི་ཕྱག་ན་སྦྱིན་སྲེག་གི་དཔེ་མང་དུ་འདུག །ཁྱད་པར་ཀརྨ་ཞྭ་དམར་པ་གོང་མ་ཞིག་གིས་མཛད་པའི་སྦྱིན་སྲེག་གི་དཔེ་པར་མ་ཆོག་ཁྲིགས་ཤིན་ཏུ་ལེགས་པ་ཞིག་འདུག་ནའང་དེ་ཚོ་ནའང་མི་འདུག །སྦྱིན་བདག་སྦྱིན་སྲེག་ཚེ་སྤྱན་འདྲེན་པ་ནི་བླ་མེད་དབང་གིས་སྨིན་པ་ཡོད་ན་དེ་ལྟར་འགལ་བ་མི་