[A:༥༣༡]མཇལ་བ་ལ་ཅུང་མ་དགྱེས་ཁོང་འགའ་རོང་བཀའ་ལྔ་པ་ཟེར་བའི་དྲན་སྐྱེ་ཆེན་པོ་ཞིག་ཡོང་གསུང་བདག་གིས་ཤག་ལོ་མཉན་ཕུག་སོགས་ལ་ཡོང་བྱང་རིན་སྤུངས་གཉིས་ནས་ཀྱང་ཕྱག་རྟགས་ཡོད་པ་འདི་ནས་ཀྱང་ཕྱག་རྟགས་གནང་བ་དང༌། ཁྱད་པར་བྱ་གཤོངས་སུ་བཅོལ་མོ་ཞུས་པའི་མདོ་སྡེ་པོ་ཏི་སུམ་ཅུ་པོ་འདི་ཡང་བྱང་ནས་མི་སྣ་རྣམས་ཀྱིས་འདི་བྱང་རང་ནས་ཡིན་པས་དགོས་ཟེར་ཡང་ཡང་གཙེར་གྱིན་འདུག་ནའང་འདི་བཅོལ་མོ་ཡིན་པས་དེ་ལྟར་མཛད་ན་མི་ཡོང་བྱས་བསྲན་བཙུགས་པ་ཡིན་པས་འདི་ཡང་བྱ་གཤོངས་སུ་གནང་བྱ་ཞིག་དགོས་ཞུས་འབུལ་རྟེན་བདུན་ཚན་གཅིག་ཕུལ་བས་ཡེ་ཞལ་གྱིས་མ་བཞེས། ངེད་རང་བོ་དོང་དུ་སླེབ་ཚེ་ནི་ངེད་རང་ལ་དགོས་གསུང༌། རྗེས་ནས་སྡེ་སྲིད་རྣམས་ཀྱིས་ཀྱང་དབང་ཞུ་དེ་ལྟར་མཛད་པས་གནས་གསར་ནས་སྡེ་པས་ཀྱང་སྒྲོལ་དཀར་གྱི་རྗེས་གནང་ཞུས་ངེད་གནས་གསར་བའི་མི་རིགས་འདིས་བླ་མར་ཁུར་ཕྱིན་བླ་མའི་བཀའ་གཅོག་པ་ཞིག་མེད་པས་བླ་མས་གང་གནང་བྱེད། འོན་ཀྱང་གཉན་ཕུག་འདི་ཁོ་རང་མི་ངོ་ཡོད་ཕྱིན་དེ་ལྟར་བྱས་ན་ཁོ་མི་དགའ་བས་ཤག་ལོ་ལ་དེ་ལྟར་བྱས་ཆོག་གསུང༌། མདོ་སྡེ་རྣམས་ཀྱང་བྱ་རྒོད་གཤོངས་སུ་ཕུལ་བ་ཡིན་པས་གནས་གསར་བ་ལ་གུས་ཞེན་མ་དོར་བ་དང་སྐུ་རིམ་མཛད་དགོས་ཚུལ་གྱི་ཡི་གེ་མཛད་ཀྱིན་འདུག །ངེད་རང་ཡང་དོན་ཆེན་པོ་གྲུབ་སྙམ་སེམས་བདེ། ཁོང་ལ་ཤའི་རིགས་འཁྲུངས་ལཀྵྨཱིས། །ལན་འགའ་ཙམ་རྣ་བརྩུབ་ན་ཡང༌། །དུས་སྙིགས་མའི་དབང་གི་ས་མཐར་འཁྱམས། །མི་བདག་ལ་གུས་པས་བཏུད་ནས་སོང༌། རིན་སྤུངས་སུ་ཞག་ཉི་ཤུ་རྩ་ལྔ་བསྡད་དེ་ནས་གྲོལ་ཆ་ཞུས། སང་ཡོང་བའི་སྔ་ཉིན་སྡེ་པ་མ་