[A:༥༣༣]ཅིང་འདུག །ནང་དུ་ཕྱིན་པས་དངུལ་སྐུ་གོང་མ་ལྔ་ཚར་འདུག་དགའ་བ་ལ་ཟེར་རང་ཐེ་ཚོམ་ཟ་སེ་བྱུང༌། རྗེ་དཔོན་སྐྱིད་གཤོངས་པ་དང༌། མ་ཆེན་འགྲོ་བ། རབ་འབྱམས་པ་གཉིས་སོགས་སག་སག་བྱེད་ཀྱིན་འདུག །གོང་མ་ལྔ་ཚར་སྐུ་བརྙན་དེས། །དངོས་དང་མཇལ་བ་ཅིས་མ་མཉམ། །ཚོང་འདུས་སྔགས་པའི་ལུང་བསྟན་དེའང༌། །དྲང་པོའི་ཐིག་སྙམ་དགའ་སྤྲོ་སྐྱེས། །ཕྱག་གཡོག་དཔོན་རིགས་བྱམས་བརྩེ་ལགས། རྣམ་སྲས་གླིང་པ། དཔལ་འབྱོར་གླིང་པ་སོགས་རགས་རིམ་ཞིག་གིས་སྐྱེ་མ་བྱས། རྒྱ་མཁར་རྫོང་གི་མདུན་ལོངས་སྤྱོད་ཟེར་བའི་གཞིས་ཀ་དེར་གསོལ་འདེབས་སོགས་བྱས། སྐྱེལ་མ་བ་རྣམས་ཕྱིར་ཐེགས། རས་ལྔའི་ལ་ཐོག་ཏུ་ངལ་གསོ་བྱས་ཤིང་འབྲས་སོགས་བཞེས་སྤྲོ་བཀྱེ། རས་ལྔའི་ལ་བབས་ཙམ་དེ་ན་ཐུར་རྒྱ་མཚོ་ཟེར་བའི་རྩེ་ཆེན་པའི་གཞིས་ཀ་ཞིག་འདུག་པའི་དབོན་ཁང་དགའ་མོ་ཞིག་དུ་དེ་ནུབ་བསྡད། སླེབ་འཕྲལ་སྐུ་བརྙན་རྣམས་ལ་བལྟས་པས་ལྟ་བས་ཆོག་མི་ཤེས་པ་དགའ་ཚོར་ཆེན་པོ་བྱུང་སྐུ་རྣམས་གྲལ་ལ་བསྒྲིགས། ན་བཟའ་ཕུལ་མཆོད་པ་བཟང་པོ་བཤམས་དཀར་མེ་ཕུལ། ཇ་མཆོད་དྷཱིཿཡིག་མ་དེ་ཡང་དེ་འཕྲལ་བརྩམས་པ་ཡིན། དེ་ནས་ཁར་ཁ་རྫོང་གི་བྱང་ངོས་དེར་ཚ་བ་ལ་སླེབ། དེ་འཚམས་ཐང་སྨད་ཀྱི་མཚོ་ལགས་དྲུང་གི་གཞིས་ཀ་དེར་ཕེབས་བསུ་སྣང་དཀར་བས་གཙོས་པའི་སྟག་རྩེ་ནས་ཀྱི་ནང་གཟན་རགས་བསྡུས་བྱུང་དེར་ཇ་སྦྱོར་སྦྲེལ་གྱི་བར་ལ་བསྡད། དེ་ནས་སྟག་རྩེར་སླེབ་སྡེ་པ་ཆོས་མཛད་པས་སྐུ་འདྲ་རྣམས་སྟོན་ཟེར་བསྟན་པས་འདི་དངུལ་རང་ཨེ་ཡིན་ནམ་བཤའ་ཚེ་དཀར་པོ་འདྲ་ཟེར། སྡེ་པ་ཕུན་ཚོགས་པ་བསམ་རྩེ་ན་བུ་གཏེ་ལ་ཡོད་པ་དེ་ཡང་དེང་སང་སླེབ་