[A:༥༣༤]རྒྱུ་ཡིན་པས་ཞག་ཤས་སྡོད་དགོས་གསུང་ཞག་ལྔ་འགོར། སྡེ་པ་ཕུན་ཚོགས་པ་ཡང་བྱོན་བྱུང་གོང་མའི་སྐུ་འདྲ་གཟིགས་སྡེ་པ་ཆོས་མཛད་པས་ཕུན་ཚོགས་འདི་དངུལ་ཨེ་ཡིན་པ་འདུག་ཟེར་ཕུན་ཚོགས་པས་དངུལ་གྱི་ནང་ནས་ཧོར་དངུལ་རང་ཡིན་པ་འདུག །བླ་མ་རིན་པོ་ཆེ་གཞིས་ཀ་རུ་སྐུ་ནོམ་པ་ཆེ་རང་འདུག་གོ་གསུང༌། གནས་དེར་ཕྱག་དྲུག་མགོན་པོ་དཀར་དམར་མཐིང་གསུམ་གྱི་རྗེས་གནང༌། དམར་པོ་སྐོར་གསུམ། ཚེ་དབང༌། སྒྲོལ་དཀར། གཏོར་སྒྲུབ་སོགས་བྱས། ཡོང་དུས་སྡེ་པ་སྟག་རྩེ་བ་དྲུང་འཁོར་དང་བཅས་པས་འབྲོང་རྩེའི་ཐད་ཀྱི་ཆུ་ཤར་ཁ་ཐུག་ཕེབས་སྐྱེལ་བྱས། མཁར་སྟག་རྩེའི་དབའ་བོ་སྟག་ཤར་དེ། །ཁོང་ཆོས་སྲུང་རྣམས་ལ་བཅོལ་གཉེར་ཞུས། །དམག་སྟོང་ཕྲག་འཚོགས་ཀྱང་མི་བརྫི་བའི། །རྦད་སྟོང་འུར་སྒྲོག་པ་དེ་ནས་བྱུང༌། །རྩེ་ཆེན་ནས་སྡེ་པ་དཔོན་བློན་སོགས་ཆིབས་ཁྲོམ་ཤིན་ཏུ་ཆེ་བས་ཕེབས་བསུ། གྲྭ་ཚང་གསུམ་གྱི་གྲྭ་བ་རྣམས་ཀྱིའང་སེར་སྦྲེང་སྒྲ་རོལ་ཆ་དང་བཅས་ཕེབས་བསུ་བྱས། རྩེ་ཆེན་དུ་སླེབ་རྩེ་ཆེན་སྡེ་སྲིད་ཡུམ་སྲས་སོགས་ཀྱིས་ཀྱང་དེ་དུས་ཚེ་བཀའ་སོགས་མང་པོ་གསན། གཟིམ་ལགས་ཞལ་ངོ་རྣམས་ཀྱིས་མགོན་པོའི་ཕྱི་འཁྲིད་ནང་འཁྲིད་སོགས་དགོས་གསུང་འབུལ་རྩིས་ཡོད། ཇོ་གདན་བཞི་སྡེ་དབུ་མཛད་ཡོན་ཏན་ཆེ་བ་ཆེས་ཟེར་བ་དེ་དང༌། ཤོ་མ་རིའི་བླ་མ་གསེར་མདོག་ཅན་པ་ཡིན་པའི་རི་ཁྲོད་དགའ་ལྡན་གྱི་མཁན་པོ་ཡང་བྱས་སྐུ་ཡོན་ཡང་ཆེ་ཟེར་བ་དེས་ཀྱང་མགོན་པོའི་འཁྲིད་དེ་ལྟ་བུ་ཤིན་ཏུ་འདོད་པ་ཞིག་ཡོད་པས་སྔར་ཡེ་མ་ཐོབ་ད་ལན་གནང་དགོས་ཟེར། རགས་བསྡུས་ཙམ་ལ་འཁྲིད་བྱས་ཤིན་ཏུ་སྨར་བ་བྱུང༌། གཟིམ་ལགས་དྲུང་ཡང་དེ་དུས་ཀྱི་དམིགས་པ་དེ་ལས་གསལ་བ་དང་ཡིད་ཆེས་པ་མ་བྱུང་