R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༣༥
[A:༥༣༥]གསུང༌། ཁོང་གཞན་རྣམས་ཀྱང་བློ་ཁ་ཤིན་ཏུ་རྫོགས། དེ་ལོ་རྩེ་ཆེན་གྱི་ལྕགས་རིག་གསལ་པ། སྤེ་ལྕོག་གསར་པ་མང་པོ། །ཆུ་སྤེ་གསར་པ་སོགས་ལ་རབ་གནས་དགོས་གསུང༌། སྟེང་གི་ཚོམས་ཆེན་དེར་དར་ཡོལ་དང་ཐང་སྐུ་ཐོག་ཚད་མ་གསར་པ་མང་པོ་བསྒྲིགས། རང་རེ་དཔོན་སློབ་རྣམས་ཀྱིས་ཀྱེ་རྡོར་གྱི་ཆོ་ག་རྡུལ་ཚོན་མ་སོགས་རབ་གནས་རྒྱས་པར་བྱས། སྡེ་པ་ནས་དུང་ཆེན། རྒྱ་གླིང༌། འཕན་གདུགས་སོགས་མང་པོའི་སྟ་གོན་བྱས། སྤེ་ལྕོག་བཞི་རུ་ཞི་རྒྱས་དབང་གི་སྦྱིན་སྲེག་བྱས། སྒོ་སྤེའི་སྟེང་དེར་སྒོམ་ཁང་གསར་པ་འཇའ་རིས། དར་ཤམ་སྐེད་བྲིས་སོགས་བཟབས་པ། ཀ་བདུང་རྣམས་ལ་གཞུ་རིང་ཐུང༌། ཚོན་རྫོགས་གསེར་ཤོག་མ་བྱས་པའི་ནང་དུ་རྩེ་ནས་གསོལ་ཇ་མང་པོ། །ཕྱོགས་ཕྱོགས་ནས་ཀྱང་ལྟིར་རྒྱུགས་མང་པོ། །ཚོགས་འཁོར་བཟབས་མ་དང་བཅས་ཆུ་སྤེ་སོགས་ལ་ཡང་རབ་གནས་བྱས་ཡུལ་ཁད་ཤིན་ཏུ་ལེགས་པ་སྒྲ་རོལ་ཆ་འུར་དིར་རེ་བ་དར་གདུགས་ཁྲ་ཐིབ་སེ་བ་བྱུང༌། ཁོ་བོ་ཅག་གི་རྨི་ལམ་དུ་ཡང་རྩེ་ཆེན་ཡིན་ཟེར་བའི་རི་མཐོན་པོ་ཞིག་ལ་འཛེགས། གྲོག་སྲུབས་ཤིག་ལ་དར་པོ་ཆེ་མང་པོ་འཛུགས་ཀྱིན་རྩེ་ལ་ཕྱིན་རྩེ་མོར་དར་འཕྱར་བའི་རྨི་ལྟས་བྱུང༌། རྩེ་ཆེན་པ་ལ་རྟེན་འབྲེལ་ལེགས་སྙམ་དུ་བསམ། ཁྱོད་ཀྱི་སྙན་གྲགས་དཔལ་དང་འབྱོར། །གཟུགས་ཅན་ཡིན་པ་འདིར་ཤོང་བ། །ནོར་འཛིན་ཁྱོན་འདི་བྱེད་པོ་ཡིས། །ཡངས་པར་བྱས་པ་དོན་ཡོད་སྙམ། །སྔོན་མེད་སྙན་བརྒྱུད་ཟབ་མོའི་གཏམ། །སྐལ་བཟང་རྣ་བའི་རྒྱན་དུ་བྱས། །སྐལ་མེད་བརྒྱལ་ཡང་སྲོག་འཚོ་བ། །སྨན་བླས་རྫུ་འཕྲུལ་བྱས་སམ་ཅི། །ས་འཛིན་མཛེས་མའི་དཔུང་རྒྱན་དུ། །རབ་གནས་བཟང་པོའི་གདུ་བུ་མཛེས། །འཕན་གདུགས་