[A:༥༣༦]སྒྲ་དང་རོལ་མོ་ཡིས། །སྟོང་གསུམ་ཁྱབ་ལ་སུས་མི་སྨོན། །དེ་ནས་བྱང་ལ་ཐེགས་རྩིས་བྱས་རྩེ་ཆེན་ནས་དཔོན་བློན་རྣམས་ཀྱིས་མི་གྲོང་ཀླུ་སྡིངས་ཐུག་ཕེབས་སྐྱེལ་བྱས། དཀར་གུར་ཆེན་མོ་ཕུབ་གསོལ་ཇ་བཞེས་སྤྲོ་སོགས་བསམ་གྱིས་མི་ཁྱབ་པ་བྱས། དེ་ནུབ་ཁྲོ་ཕུ་མ་སངས་དྲུང་གི་སྒོས་གཞིས་སུ་བསྡད། སང་ཉིན་སྔ་བའི་ཆ་ལ་ཁྲེའི་ལ་ལ་བྱས་ལ་བབས་རྩ་ན་ན་གཞུང་སྤང་གཤོངས་སོགས་ཤིན་ཏུ་སྐྱིད་པ་དེར་རྩེ་ཆེན་ནས་གསོལ་འདེགས་བྱས། དེ་ནུབ་དགོན་པ་རྫོང་དུ་དབང་ལྡན་ནས་གང་ཅིའི་མཐུན་སྦྱོར་བྱས་བསྡད། སང་ཉིན་དབང་ལྡན་དུ་སླེབ་པར་ཚོ་ཤག་གི་གཟིམས་ཁང་གསར་པ་ཤིན་ཏུ་ཉམས་དགའ་བ་དེར་ཞག་བཅུ་སྐོར་བསྡད། དབང་ལྡན་སྡེ་སྲིད་སྐུ་མཆེད། དྲུང་ཆེན་ཞལ་ངོ་སོགས་ལ་ཚེ་བཀའ་སྒྲོལ་དཀར་སོགས་རྣམ་གྲངས་མང་བ་དང༌། ལོགས་བྲིས་གསར་པ་ལ་རབ་གནས་རྒྱས་པར་བྱས། ཇ་སེར་ནག་རྩེ་མོ་ལ་ནན་བླུད་དང་བཞེས་སྤྲོ་སོགས་བཟབས་པར་བྱུང༌། མཁར་དབང་ལྡན་གྱི་སྡེ་སྲིད་སྐུ་མཆེད་དང༌། །མི་འབྱོར་ལྡན་གྱི་དྲུང་ཆེན་རིན་རྒྱམ་པས། །དཔལ་ཕུན་ཚོགས་ཀྱི་ཡོ་ལང་ཟད་མེད་སྤེལ། །དུས་བཟང་པོར་ལུགས་གཉིས་ཅིག་ཅར་འཛོམ། །དེ་ནས་ཏང་ཏང་ལ་ལ་བརྒལ་སྲང་ཕུ་དོ་པེར་ཞག་གཅྀག་བསྡད། སང་ཉིན་སྔ་བར་ལངས་ལོ་མ་ལག་དགོན་པའི་བླ་བྲང་དུ་ཞག་གཅིག་བསྡད། སང་ལྷུན་རྩེར་སྡེ་པ་གསེར་མ་ལ་མཇལ་རྩིས་ལོ་གསར་གྱི་འབུལ་བ་སྡུད་པའི་ཐུགས་བྲེལ་ཆེན་པོ་ཡོད་ཟེར་ནས་བེར་ཆེན་བླ་བྲང་དུ་སླེབ། མཁར་ལྷུན་རྩེའི་མི་དབང་སེར་མ་བ། ས་འབུལ་སྡུད་ཀྱིས་བྲེལ་ནས་ཞལ་མ་མཇལ། །བདག་རང་ཡུལ་ལ་རིངས་པའི་དགའ་བ་ཆེས། །ས་བདེ་འཇམ་གྱི་ལམ་ལ་ཐལ་ལེ་ཕྱིན། །སང་རྫིང་ལུང་དུ་འགྲོན་ཁང་དང་ཕྱུག་