[A:༥༣༨]རྩོད་སྤོང༌། ཕྱག་ཆེན་རང་ལུགས། ཡུལ་ཆེན་གྱི་རྣམ་བཤད། དྲོད་ཀྱི་རྣམ་བཤད། ལུགས་གཉིས་ཀྱི་སེམས་བསྐྱེད་ལ་འཁྲིད་རེ་རེ་ཡོད། ཕྱག་ཆེན་རྩོད་སྤོང་འདི་རི་བོ་ཆེའི་རྗེ་དྲུང་ངག་དབང་དྲུང་དབུས་ནས་ཡར་ལམ་བྱ་རྒོད་གཤོངས་སུ་ཕེབས་པའི་ཚེ་སྤྲུལ་སྐུ་པདྨ་དཀར་པོས་ཕྱག་ཆེན་གན་མཛོད་ཟེར་བ་ཞིག་ཡོད་དེ་ཐུགས་མཁོ་ན་བཞག་གི་ཟེར་བཞག་སོང༌། ལོ་གསུམ་ཙམ་ལྟ་བ་ཡང་མ་བྱུང་ཕྱིས་རྗེ་དྲུང་འགྱུར་མེད་སོགས་ཀྱིས་གན་མཛོད་དེ་ལ་ཁོང་གིས་ལན་ཅིག་མཛད་པ་རིགས་པ་འདུག་གོ་གསུང་ཟེར། ལན་དགོས་པའི་གནད་ཅི་འདྲ་ཡོད་དམ་བསམ་བལྟས་པས་རྩོད་སྤོང་གི་ཐད་དུ་དངོས་སུ་རྩོད་པའི་རྩོད་པ་སྤང་བ་དང༌། དོན་གྱིས་རྩོད་པའི་རྩོད་པ་སྤང་བ་གཉིས་མཛད་ནས། ཕྱི་མ་དྲི་བ་ལྷག་བསམ་རབ་དཀར་དང༌། སྔ་མ་སྡོམ་གསུམ་ལ་མཛད། རབ་དབྱེ་ལས། ཕྱག་ཆེན་པ་ལ་དོགས་གཅོད་གནང་བའི་སྐབས་ཐམས་ཅད་ལ་ཐེར་ཆགས་ཀྱི་ལན་མཛད་འདུག །འོན་ཀྱང་རབ་དབྱེའི་དེ་དོན་ལ་ཞུགས། ཕྱག་ཆེན་པའི་དེ་དོན་ལ་མ་ཞུགས་པས། པདྨ་དཀར་པོ་འགྲན་ཟླ་དང་བྲལ་ཡང་འདི་ལ་ལན་ཐེབས་སྙམ་ཁོ་བོས་ཀྱང་རྩོད་སྤོང་དེ་སྟོན་ཅག་ཅིག་ལ་བརྩམས་པ་ཡིན། སྐུ་གཞོགས་ལ་འགྲོ་མྱོང་པ་ཁ་རེ་ལ་སྤྲུལ་སྐུས་ཀྱང་ས་པཎ་ལ་རྒན་འཆལ་གསུང་བ་སོགས་མཛད་འདུག་པས། དེ་ལན་ཉམས་འཆར་ཙམ་བྱས་ན་ཨེ་ཆོག་བྱས་པས་འགའ་ཞིག་དེ་མི་ལེགས་ཟེར། འགའ་ཞིག་ཐུགས་ཡུལ་ཤིན་ཏུ་ཡངས་པས་ཐུགས་དགྱེས་པ་མིན་པ་སྐྱོན་མི་ཡོང་ཟེར། ཁོ་བོས་ཀྱང་ཉམས་འཆར་འགའ་རེ་བྱས། ཕྱིས་ཡི་གེ་སྤྱན་ལམ་དུ་འབྱོར་འདུག་པས་འཕྲལ་མི་དགྱེས་པ་མི་འདུག་ཀྱང་སྒར་པ་རྣམས་ཐུགས་འཁྲུལ་པོ་འདུག་ཟེར། ཁོ་བོའི་རྩོད་སྤོང་གི་འགོ་ཐོ་རེ་