[A:༥༣༩]བ་ལ་མཆན་བུའི་ལན་ཙམ་གནང་བྱུང་བ་དེ་ལ་ཡང་ལན་སྤྱན་དབྱེའི་ཆོ་ག་ཞེས་པ་ཞིག་བརྩམས། རྗེ་ནཱ་རོ་པཎ་ཆེན་སྤྲུལ་པའི་སྐུ། །གཞན་འགྲན་ཟླ་མེད་ཅིག་ལོས་ཡིན་མོད། །རྗེ་ས་པཎ་རྣམ་དཔྱོད་སྤུངས་པ་ལ། །ཅི་འགྲན་ཡང་རྣམ་དཔྱོད་ལོང་དང་མཚུངས། །རྗེ་ས་པཎ་རྣམ་དཔྱོད་གྲིབ་བསིལ་གྱིས། །སྙིང་ཚ་གདུང་མུན་པ་བསལ་བར་ངེས། །མཁས་གཞན་ལ་སྤྱན་དབྱེའི་ཆོ་ག་བྱས། །ཐུགས་སྡུག་འཐུམས་དགོངས་དབྱིངས་མ་འཁྲུངས་ཤིག །འདིའི་རྩོད་པ་རྩོད་ལན་རྣམས་རྗེ་གྲང་ཆེན་རབ་འབྱམས་པའི་སྤྱན་ལམ་ཕེབས་པའི་ལན་དུ། མང་དུ་ཐོས་པའི་ཚོན་བརྒྱ་གསལ་བའི་ལམ། །རྣམ་དཔྱོད་མེ་ལོང་ཡངས་པར་ཤར་འདི་དེས། །མཁས་རློམ་ཕལ་ལ་སྨྲ་བཅད་གདམས་པ་བྱིན། །ཆོས་ཀུན་སྙིང་པོར་བསྡུས་པ་དཔལ་གྱི་མགུར། །ལེགས་བཤད་དལ་བུར་སྟོན་ལ་ངོ་མཚར་ཅི། །ཉམས་འགྱུར་སྟོང་གིས་སྤྲས་པའི་ལེགས་བཤད་སྒྲ། །ཐོས་པར་གྱུར་པའི་རྣ་བ་འདི་ཡ་མཚན། །དེ་སླད་ཡོངས་རྫོགས་བསྟན་པའི་ཁུར་ཆེན་པོ། །སྙིང་སྟོབས་ཕྲག་པར་ལོན་པས་མི་ངལ་བའི། ལྷག་བསམ་རབ་དཀར་ལྷ་ཡི་གླང་པོ་ཁྱོད། །མཁས་པའི་སྐྱེད་ཚལ་མཛེས་པའི་རྒྱན་དུ་མཛོད། །ཕྱག་ཆེན་རྩོད་སྤོང་ཐད་རྣམས་རྒྱལ་འཕམ་ཇི་ལྟར་བྱུང་དཔྱོད་ལྡན་གཟུར་གནས་ཡོད་ན་རྩོད་པ་རྩོད་ལན་ལ་གཞིགས་པས་གསལ་བར་ཤེས། ཞེས་པ་ཡང་གནང་བྱུང་ངོ༌། །སྤྲུལ་པ་མཆོག་གི་མཆན་བུར། །ཤོག་བྱང་ཁྲོན་པ་འདིའི་གཏིང་ཡང༌། །དཔོག་པའི་རྣམ་དཔྱོད་མི་ལྡན་པར། །ཆོས་ཚུལ་རྒྱ་མཚོའི་ཀློང་གཞལ་བའི། །རེ་བ་བྱེད་པ་ཨེ་མ་མཚར། །རྣམ་དཔྱོད་འབྲིང་ཞིག་གིས་ཤོག་བྱང་དེ་དལ་བུར་ཀླགས་