R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༠
[A:༥༤༠]པ་ཉིད་ཀྱིས་གཞུང་དེར་ཇི་ལྟར་བསྟན་པ་རིག་པར་འགྱུར་ལ། དེ་ལྟར་མི་གོ་ན་ནི་བཤད་ཀྱང་མི་གོ་བས་བཏང་སྙོམས་ངལ་གསོར་ཆུག་ཅིག་ཅེས་བྲིས་སྣང་ཡང༌། དེ་ནི་ཡེ་ཤེས་གྲུབ་པའི་ལེའུ་ཉི་ཤུ་ཡོད་པའི་བཅོ་བརྒྱད་ཡན་དབང་པོ་རབ། བཅུ་དགུ་པ་འབྲིང༌། ཉི་ཤུ་པ་ཐ་མའི་སྐབས་ཡིན་ཞིང༌། དབང་པོ་རབ་དེ་དབང་གིས་སྨིན་ཟིན་ཡིན་པར་བཤད་པས་གཞུང་ལ་རྣམ་དཔྱོད་ཅི་ཡང་མ་ཞུགས་བཞིན་དུ་གདུལ་བྱ་བླུན་པོ་རྣམས་ཁ་དྲངས་པའི་ཟོལ་འགྲོས་ཀྱི་ཚིག་ཚངས་པས་རྟ་ཐུལ་ལ་བདེན་གཏམ་རླུང་ལ་བསྐུར་བའི་ཚིག་སྨྲས་པ་དང་ཆོས་མཚུངས་པ་ཁོ་ན་སྟེ། རྒྱུ་མཚན་ཅིའི་ཕྱིར་ན་ཡེ་ཤེས་གྲུབ་པའི་ལེའུ་དང་པོར། རྟོག་པ་ཐམས་ཅད་རྣམ་སྤངས་པའི། །ཡེ་ཤེས་མཆོག་བཟང་ཐོབ་པ་ཡི། །རྡོ་རྗེ་ཡེ་ཤེས་དབང་བསྐུར་བས། །དངོས་གྲུབ་མཆོག་གཉིས་གྲུབ་པར་བྱ། །ཡང་དག་ཡེ་ཤེས་ཀུན་ལྡན་ན། །བྲིས་པའི་དཀྱིལ་འཁོར་སོགས་གཞན་དུ། །དབང་བསྐུར་བ་ནི་ལེན་ཅེ་ན། །འདི་ནི་དམ་ཚིག་ཉམས་པར་གྱུར། །ཞེས་ཡེ་ཤེས་གྲུབ་པའི་བྱིན་རླབས་རྡོ་རྗེ་ཡེ་ཤེས་ཀྱི་དབང་བསྐུར་བ། ཞེས་པའི་མིང་ཅན་སྔར་དུ་དབང་གི་ཡེ་ཤེས་རྒྱུད་ལ་སྐྱེས་ཟིན་པས་བྲིས་སྒྲུབ་ལ་སོགས་པའི་དཀྱིལ་འཁོར་དུ་དབང་ཞུས་ཤིང་བསྐུར་ན་དམ་ཚིག་ཉམས་པར་འགྱུར་ཞེས་གདུལ་བྱ་དེ་ལས་དང་པོ་པ་མིན་པར་གསལ་བར་བཤད་འདུག་པའི་ཕྱིར་རོ། །ཞིབ་ཏུ་དཔྱོད་ལྡན་ཡོད་ན་ཡེ་ཤེས་གྲུབ་པའི་ལེའུ་ཉི་ཤུ་པ་ལ་གཟིགས་ཤིག །སྐབས་དེར་བཀའ་དྲིན་མཚུངས་བྲལ་ཕྱོགས་ལས་རྣམ་རྒྱལ་གྱི་དུས་ཀྱི་མཆོད་པ་མང་ཇ་རྒྱུན་ཆགས་ཀྱི་རྟེན། བོ་དོང་བྲེ་ཆེན་གྱི་ནས་ཁལ་སྟོང་ཕྲག་གཅིག་དང་བཅུ་གཉིས་བཙུགས། མཉན་ཡོད་བྱ་གཤོངས་སུ་མདོའི་འཆད་ཉན་ལ་མི་གནོད་