[A:༥༤༢]རྩིས་བྱས། བློ་བདེ་གོང་ཁ་ཐུག་གྲྭ་པ་རྣམས་ཀྱིས་སྐྱེལ་མ་བྱས་བློ་བདེར་སླེབ་ཙ་ན་ཁོང་རྣམས་ཀྱིས་སྐད་བཏོན་མཆི་མ་བྱུང་རྫི་ཆོམ་ཆེན་པོ་བྱུང༌། རང་དཀ༵འ་གནས་འཁྱུར་ནས་དགའ་ཚོར་ཆེ་ཡང་འབྲལ་མི་ཕོད་པའི་སྣང་ཚུལ་དེས་སེམས་སྐྱོ་ཤས་ཀྱང་ཆེན་པོ་བྱུང༌། རང་དགའ་སྤྲོའི་སྣང་བ་སག་གེ་ལ། །ཁོང་མིག་ཆུས་ཇ་བསྐོལ་སྐྱེལ་མ་བྱས། །སེམས་སྐྱོ་ཡང་ཁོང་ནད་མ་ཞུགས་པར། །རྗེ་བླ་མ་སྲུང་མའི་བཀའ་དྲིན་ཡིན། །གྲྭ་པ་བྱིངས་དེ་ནས་ལོག་བྱ་གཤོངས་སུ་སླེབ་ཙ་ན་གླིང་གསེབ་སྐྱ་ཐག་གེ་བ་སེམས་སྐྱོ་ཕྱོད་དེ་བ་བྱུང་ཟེར། གྲྭ་པ་ཐོག་ཅིག་གིས་དེ་ནས་ཀྱང་བཅུ་པ་རོང་ཐུག་ཕྱིན། ཆོས་གླིང་པ་རྣམས་ཀྱིས་བཅུ་པ་འོག་མའི་གསུམ་མདོ་དེར་སྔོན་ལ་ཕྱིན་ཇ་སྐོལ་བྱས་འདུག །གུང་ཚིགས་དེ་རུ་བྱས། དེ་ནུབ་ལ་སྐོག་ཏུ་སླེབ། གྲང་མོ་ཆེའི་གྲྭ་པ་དོས་པ་རྣམས་སྔ་འགྲོས་ལ་ཐེགས། དཔོན་སློབ་རགས་བསྡུས་རྣམས་འཆོས་མར་གདན་འདྲེན་བྱས་ཕྱིན་ཞག་གཉིས་བསྡད། ཁོང་ཡབ་ཡུམ། སྲང་དབར་ཆོས་ལེགས་ཡབ་ཡུམ་སོགས་རྣམས་ལ་ཚེ་བཀའ་དམར་པོ་སྐོར་གསུམ་སོགས་བྱས། ཕྱག་དྲིལ་ཧོར་དྲིལ་དངོས་གཙང་ཞིག་ཕུལ་བ་དེ་སྔ་གོང་ཡིན། དེ་དུས་ཀྱང་འབུལ་བ་ཤིན་ཏུ་བཟང་བ་མཛད། སང་བྱེ་ལའི་ཆུ་མིག་ཐུག་ཕེབས་སྐྱེལ་གསོལ་འདེགས་སོགས་བྱས། དེ་ནུབ་རྒྱང་དུ་ཆོས་རྗེ་ཚུལ་ཁྲིམས་པས་ཤོག་གསུངས་ཕྱིན། དེ་ནས་སང་ཉིན་གྲང་ཆེན་ཆོས་འཁོར་ཡང་རྩེར་འགྲོ་དུས་ཞལ་ངོ་ཆིབས་རགས་དང་བཅས་པས་ཕེབས་བསུ། རྒྱ་གླིང་དུང་ཆེན་དང་བཅས་སེར་སྦྲེང་བཟབས་པ་བྱས་ཆོས་འཁོར་ཡང་རྩེའི་བླ་བྲང་གི་དྲི་གཙང་ཁང་དུ་སླེབ། དེ་ཚེ་སྡེ་སྲིད་དཔོན་བློན་གྱིས། །བྱིན་རླབས་རྟེན་འབྲེལ་ཟབ་མོའི་ལམ། །ཅི་དགོས་ཆོ་