R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༣
[A:༥༤༣]ག་རྫོགས་པར་བསྒྲུབས། །སེམས་ཀྱི་ངལ་གསོ་དེ་རུ་བྱས། །ཕག་ལོ་ལོ་གསར་ལ་རྣམ་རྒྱལ་སྟག་རྩེའི་རྩེར་ཤོག་གསུངས་ཕྱིན་གསོལ་ཇ། བུར་སྟོན། གོ་ར་སོགས་བཟབས་མ་དང་བཅས་པའི་ཐུགས་དགྱེས་དགྱེས་མཛད། རོགས་རམ་འཇམ་དབྱངས་སྨྲ་བའི་རྒྱ་མཚོ་དང༌། མང་ཐོས་ནམ་མཁའ་རྣམ་རྒྱལ་གཉིས་རིགས་ལུང་ལ་སླང་བའི་དགའ་སྟོན་བཞད་གད་ཤིན་ཏུ་ཆེ་བ་བྱུང༌། མེ་ཕག་གི་བགྲང་གཞི་གསར་པ་ལ། །འདར་རྣམ་རྒྱལ་སྟག་རྩེའི་ཕོ་བྲང་རྩེར། །ལུགས་གཉིས་མཛོམ་དགའ་སྟོན་བསམ་མི་ཁྱབ། །གཞན་རྣ་བའི་རྒྱུན་གྱུར་གླུ་གར་རོལ། །ལོ་དེ་ལ་འདར་ཆོས་འཁོར་ཡང་རྩེ་རུ་གསུང་ངག་དགོས་ཟེར་ལོ་དེའི་ཟླ་བ་གཉིས་པའི་ཉེར་གསུམ་ལ་ལམ་འབྲས་བཙུགས། སེམས་བསྐྱེད་དང་རྒྱུ་དབང་གི་ཚེ་ཞལ་ངོ་རྣམས་ཀྱང་ཕེབས། སྲས་འབྱོར་ཆེན་ཡང་སྐུ་བཙས། མེ་ཏོག་གི་ཆར་མང་པོ་ཡང་བབས། རྟེན་འབྲེལ་འཛོམ་ཟེར་བ་ཡང་བྱུང༌། བྱང་ཆུབ་ཐུགས་བསྐྱེད་སྨིན་བྱེད་བྱས། །མེ་ཏོག་ཆར་བབས་སྲས་ཡང་འཁྲུངས། །ཕྱི་ནང་གསང་གསུམ་རྟེན་འབྲེལ་འཛོམ། །སྙན་གྲགས་ཕྱོགས་ཀྱི་མཛེས་མའི་རྒྱན། །དེ་དུས་ལམ་འབྲས་ལ་ཕྱོགས་ནས་བྱོན་པ་ཆོས་རྗེ་མདོང་རབ་འབྱམས་པ་བྱམས་པ་བདེ་ལེགས། རྐྱང་འདུར་ཆོས་རྗེ་བྱམས་པ། ར་ནམ་མཁའ་རྣམ་རྒྱལ། དགེ་སློང་མངའ་རིས་པ་སྤུན། ཆོས་རྗེ་འཁྱོག་པ་བློར་རྒྱམ། དྲུང་རམས་པ་བྱམས་སྙིང༌། ཆོས་མཛད་སྐྱབ་མ། ཆོས་མཛད་རྒྱ་རྒོད་པ། གཞན་རྣམས་གཞི་བ། ནུབ་དགོན་ནས་ཆོས་རྗེ་བཟོད་རིན། ཡ་ག་ཆོས་སྡིངས་ནས་ཆོས་རྗེ་བཙུན་གྲགས། དབོན་ཆེན་ཀླུ་དབང༌། ཀུན་དགའ་མཆོག་གྲུབ་