R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༠༨
[A:༤༠༨]བྲུས་ཚེ་གོང་མ་ལྔའི། །གསུང་རབ་གླེགས་བམ་ཡིད་བཟང་གིས་བྱིན་བཞིན། །ལག་ཏུ་བབས་ཚེ་ས་སྐྱའི་བསྟན་པ་ལ། །བྱ་བ་གྱིས་ཞེས་ལུང་བསྟན་ཡིན་ནམ་སྙམ། །ཡང་ལོ་བཅུ་བདུན་པའི་སྐབས་ཤིག །ཁོ་བོ་ཆོས་འཁོར་གླིང་གི་བྲང་ཁང་བདེ་ལྡན་ཟེར་བ་ཞིག་ན་ཉལ་བའི་དུས་ཤིག་ན་ཐོ་རངས་ཚེ་ན། ངེད་རང་གི་མ་མ་ཨྱོན་བཟང་མོ་ཟེར་བ་ཞིག་ཡོད་པ་དེ་ཡིན་ནོ་སྙམ་པའི་བུད་མེད་སྨུག་འཇོལ་ལེ་བ་ཞིག་བྱུང་ནས། ངེད་ཤཱཀྱ་ཐུབ་པ་དང་རྒྱུན་དུ་མཇལ་གྱི་ཡོད་ནའང་ཁྱེད་ལ་སྔར་མ་བསྟན། ད་ལྟོས་ཤིག་ཟེར་བས་མདུན་གྱི་ནམ་མཁར་འཇའ་གུར་གྱི་དཀྱིལ་ན་བསྟན་པའི་གཙོ་བོ་སྐུ་གསེར་གཙོ་མ་ལྟ་བུ་ཞབས་རྡོ་རྗེ་སྐྱིལ་ཀྲུང༌། ཕྱག་ས་གནོན་མཉམ་གཞག་མཛད་པ། ཞལ་འཛུམ་བག་དང་ལྡན་པ། སྐུ་བདོས་བཅས་མ་ཡིན་པར་ནམ་མཁའ་ལ་འཇའ་ཤར་བ་ལྟ་བུ་འོད་ཟེར་སེར་པོ་འཕྲོ་བ་འོད་ཀྱི་གུར་ཁང་ནང་དུ་ལམ་མེར་མཐོང་བས། ཡིད་དགའ་བ་སྤྲོ་བ་དཔག་ཏུ་མེད་པ་སྐྱེས། ཕྱག་འཚལ་གསོལ་བ་བཏབ་པའི་སྣང་བ་ཤར་བ་ཞིག་བྱུང༌། དེ་སངས་ཙ་ན་སྔས་མགོ་མཆི་མས་བངས་འདུག་པ་ཞིག་མཐོང༌། དེ་ཚེ་སྟོན་མཆོག་ཟས་གཙང་སྲས་པོ་དེས་ཚེ་རབས་ཐོག་མ་ནས་རྗེས་སུ་བཟུང་ཞིང་སླར་ཡང་བྱིན་གྱིས་རློབ་པའི་ངོ་མཚར་གྱི་རྟགས་ཡིན་ནམ་སྙམ་པ་ཤར། མཁའ་ལ་འཇའ་བཞིན་ཟས་གཙང་སྲས་ཀྱི་སྐུ། །མངོན་སུམ་མཐོང་ཚེ་གཟུང་འཛིན་འཁྲུལ་སྣང་ནུབ། །གློ་བུར་དྲི་བྲལ་ཆོས་དབྱིངས་ཟླ་ཚེས་གཟུགས། །གསར་དུ་མཐོང་སྙམ་རང་སྣང་མཐོལ་ལོ་བཤགས། །དེ་ནས་འཇམ་མགོན་བླ་མ་དགུང་ལོ་སོ་བརྒྱད་པ་སྟག་ལོ་མཉན་ཡོད་བྱ་རྒོད་གཤོངས་ཀྱི་གདན་སེང་གེའི་ཁྲི་ལ་ཞབས་སེན་བཀོད། བྱ་ལོའི་བར་ལོ་གྲངས་བརྒྱད་དུ་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལུགས་ཆེན་པོ་ལ་ལེགས་བཤད་སྤེལ་བའི་ཚེ་བདག་གིས་ཀྱང་གསུང་གི་བདུད་རྩི་