R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༠༩
[A:༤༠༩]མྱངས། སྔར་ཆོས་གླིང་དུ་ཕར་ཕྱིན་གྱི་སྒྲིགས་སོག་ཙམ་བྱས་ཀྱང༌། ཟུར་བཀོར་བཞི་ལ་དམིགས་རྣམས་འཆར་བ་དཀའ་སེ་བྱུང༌། བྱ་གཤོངས་པ་རང་གི་ལུགས་ལ། ཕར་ཕྱིན་གྱི་གཞུང་ཤིང་ཤེས་ཀྱང་ཟུར་བཀོལ་མི་ཤེས་ན། ཕར་ཕྱིན་མི་ཤེས་པའི་གྲངས་སུ་འདྲེན་པ་ཞིག་འདུག་པས། ཟུར་བཀོལ་ལ་ལྟ་རྟོག་ནན་ཏན་བྱས་པས། ཟུར་བཀོལ་བཞི་སོགས་ཀྱི་གནད་ཕྱིན་ཅི་མ་ལོག་པར་ཁོང་དུ་ཆུད། ཟུར་བཀོལ་མངོན་པའི་ཁྲི་ལ་བཞུགས་ཟེར་བ་ཡིན་པས། མངོན་པ་གོང་འོག་དང༌། ཤེར་ཕྱིན་ཐུན་མོང་མ་ཡིན་པའི་དམིགས་རྣམས་གསལ་པོར་ཕྱེད། གཞན་ཟུར་བཀོལ་ཤེས་ཟེར་ཁེངས་པ་བྱེད་པ་རྣམས་ཀྱང་ཕྱོགས་རེ་ཙམ་ལ་སྤུ་ཁེངས་ཡིན་པ་འདྲ་སྙམ་པ་ཤར། སྐབས་དེར་ཁོ་བོ་ནི་ཤིང་རྟའི་སྲོལ་འབྱེད་གཉིས་ཀྱི་གཞུང་ལུགས་ལ་ཤེས་འདོད་ཆེན་པོ་ཡོད་ཀྱང༌། མངོན་པ་མཛོད་དང་འདུལ་བ་འདི་ཚོ། ཐེག་དམན་གྱི་ཆོས་སྐད་དུ་འདུག་པས་མཁོ་བྱེད་ཆེ་རྒྱུ་རང་མེད་བ་འདྲ་སྙམ་པ་ཞིག་བྱུང༌། ཁྱད་པར་སྔར་ཆོས་གླིང་སློབ་དཔོན་པ། མཁས་པ་ཆེན་པོ་དགེ་འདུན་རྒྱ་འཚོ་ཞེས་པ་ཕར་ཚད་གཉིས་ལ་སྟོན་བཟངས་སུ་བྱེད་ཅིང༌། གཞན་སྟོང་ཕྱོགས་ལ་ཐུགས་ཡུས་པོ་གནང་བ་ཞིག་ལ། བྱམས་ཆོས་ཀྱི་གཞུང་ཊཱིཀ་མང་དུ་ཉན་ཞིང༌། གཡས་རུ་བྱང་གི་ཆོས་རྒྱལ་ནམ་མཁའ་ཚེ་དབང་རྡོ་རྗེ་ཡང་གཞན་སྟོང་གི་བདག་པོར་བྱེད་པས་དེ་རྣམས་ཀྱི་བློས་སྣ་ཁྲིད་ནས། གཞན་སྟོང་ཕྱོགས་ལ་ཤིན་ཏུ་དད་མོས་ཆེ་བ་ཞིག་བྱུང༌། བྱ་གཤོངས་བླ་བྲང་ན་བཞུགས་པའི་མདོ་སྡེ་དེ་རྣམས་ཞིབ་པར་ལྟས་ཀྱང་གཞན་སྟོང་དང༌། བྱམས་ཆོས་ཀྱི་གསལ་བྱེད་དུ་གང་འགྲོའི་ལུང་ཚོལ་བ་དང༌། ཡི་གེར་འདྲི་བ་སོགས་ཁོ་ན་བྱས། ཀླུ་སྒྲུབ་ཕྱོགས་ལ་ཤིན་ཏུ་མོས་ཀྱང་ཀླུ་སྒྲུབ་ཀྱི་དགོངས་པའང་གཞན་སྟོང་དུ་གནས་སྙམ་པ་རློམ་ཚོད་ཀྱིས་དཀྲུགས་ནས། ཀླུ་སྒྲུབ་ལུགས་