R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༤
[A:༥༤༤]སོགས་རགས་བསྡུས་ལ་སྤྲོས་མེད་ཀྱི་འཁྲིད་ཟུར་དུ་བྱས། ཁོང་རྣམས་མགུར་ཤིན་ཏུ་བཟང་བས་སྤྲོས་མེད་བླ་མ་མཆོད་ཆོག་དེ་ཡང་རྒྱུན་ལྡན་དུ་བྱེད་ཀྱིན་འདུག །ཟླ་བ་བཞི་པའི་ཚེས་བཅུ་ཁྲ་རྒྱུ་བའི་ཉིན་འདར་ནས་ས་སྐྱོང་མི་དབང་ཆོས་སྐྱོང་ལྷུན་གྲུབ་ཀྱིས་ལམ་འབྲས་སོགས་འཁྲིད་ཆེན་པོ་བདག་གིས་མི་འཆུན། ཚར་ཆེན་ཆོས་ཀྱི་རྒྱལ་པོ་གཤེགས་རྗེས། ཚེ་འདི་ཕྱིའི་སྐྱབས་གནས་འཕྲལ་ཕུགས་ཀྱི་བློ་རྩེ་གཏད་རྒྱུའི་བླ་མ་ཁྱེད་གཅིག་པུ་ཡིན་པས་ལམ་ཟབ་ཀྱི་འཁྲིད་ཅིག་དགོས་གསུང་དགོངས་པ་དང་སྦྱར། ཟླ་བ་དེའི་ཉེར་དགུའི་ནུབ་རྨི་ལམ་ལ་ངམ་རིང་གི་ཆོས་གྲྭར་དམ་བཅའ་བཞག །གཞན་དང་འབྲེལ་ཏམ་བྱས་པས་རང་ཉིད་རྒྱལ་བའི་སྤོབས་པ་སྤྲོ་སག་གེ་བ་དང་སྤོས་ཤེལ་གྱི་འཕྲེང་བ་ཤིན་ཏུ་ལེགས་པ་བརྒྱ་རྩ་གཉིས་སྐོར་ལག་ཏུ་བརྒྱུས། རྗེ་བླ་མས་ལུང་བསྟན་མང་པོ་མཛད་པའི་ཉམས་སྣང༌། ཟླ་བ་ལྔ་པའི་ཚེས་གཉིས་ཀྱི་ནུབ་རྨི་ལམ་ན་ཚོན་སི་དམར་པོ་གསར་པའི་ཆོས་གོས་གྱོན་པའི་རྨི་ལམ་སོགས་ཤིན་ཏུ་བཟང་བ་ཡང་བྱུང༌། ལམ་ཟབ་ཕྱི་ནང་གི་བྱིན་རླབས་འཁྲིད་དང་བཅས་པ། བླ་མ་རིགས་ལྔའི་བྱིན་རླབས་སོགས་མང་པོ་ཕུལ་ཐུགས་ཤིན་ཏུ་དགྱེས་པ་ཡང་བྱུང༌། འཁོར་འབངས་ཆོས་བཞིན་སྐྱོང་བའི་མི་དབང་གིས། །ཟོལ་མིན་ཐུགས་ཀྱི་རེ་ལྟོས་བདག་ལ་བཅོལ། །རང་ཉིད་གར་འགྲོའི་ངེས་པ་མི་འདུག་ཀྱང༌། །དུས་ཀུན་མི་འབྲལ་སྙིང་གི་དམ་བཅའ་ཕུལ། །བཀའ་དྲིན་ཟླ་བྲལ་ཚར་ཆེན་ཆོས་ཀྱི་རྗེའི། །མཁྱེན་བརྩེའི་གསེར་གྱི་ཉག་ཐག་གིས་སྦྲེལ་བའི། །བདག་དང་བདག་ལྟོས་དད་ལྡན་སྦྱིན་བདག་ཆེ། །ཁྱེད་བཞུགས་དག་པའི་ཞིང་དེར་དྲོངས་མཛོད་ཅིག །རང་སྙིང་ནས་