R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༥
[A:༥༤༥]བཅགས་པའི་གྲིབ་བསིལ་གྱིས། །ཁྱེད་ཐུགས་ཀྱི་གདུང་སྐྱོང་མ་ནུས་པར། །ངག་གཅམ་བུའི་འགྱུར་མགུགས་སྙན་པོ་ཡི། །གཞན་དད་ལྡན་བསླུ་བར་བྱེད་ན་འཚངས། །ཚེས་གསུམ་གྱི་ནུབ་རྨི་ལམ་ལ་གཞན་གྱིས་ཕུལ་བའི་གདུགས་གཉིས་ཙམ་ཕུབ་པ་དང༌། ཁྱད་པར་ཁྲོ་ཕུ་གདུང་བརྒྱུད་ཀྱིས་ཕུལ་ཟེར་བའི་གདུགས་ཆུང་ངུ་ལེགས་པ་རང་ཞིག་འདུག་པ་དེ་པོ་ཏི་རྣམས་ཀྱི་སྟེང་དུ་འབུུ་བ་བསམ་པ་ཞིག་བྱུང༌། དེ་མཚམས་རང་ཁང་པ་དོག་གེ་བ་ཞིག་ན་འདུག །དེའི་སྟེང་ན་ཁྱི་གུ་ཆུང་ངུ་སྣུམ་ཟུལ་ལེ་བ་འདུག་པ་དེ་ངེད་ཀྱི་མལ་དུ་ཞུགས་བྱུང་འདི་སྙིང་རྗེ་ཆོས་སྐྱོང་གི་རྣམ་འཕྲུལ་ཡིན་བསམ་པ་བྱུང༌། རང་གསར་པའི་གོས་གྱོན་གདུགས་རིམ་ཕུབ། །ཁོང་སྲུང་མའི་རྣམ་འཕྲུལ་ལུས་ལ་འཁྲིལ། །ཁྱེད་སྦྱིན་བདག་བུ་སློབ་དད་ལྡན་རྣམས། །དུས་ནམ་ཡང་བསླུ་བར་མ་གྱུར་ཅིག །ཡང་ཚེས་བཞིའི་རྨི་ལམ་ལ་སྐས་རིང་པོ་ཞིག་ལ་རྟ་ཞོན་ནས་ངེད་གསུམ་གྱིས་ཕྱིན་གཡང་ཟ་སེ་བ་ལ་བགྲོད་ཁང་པ་ཚོམས་དམ་པོ་ཞིག་ཏུ་སླེབ། མི་བདག་དང་བདག་ལ་བློ་གཏད་གསུམ། འགྲོས་མགྱོགས་བྱེད་ཆུ་འཐུང་བཞོན་པར་ཞོན། །ལམ་འཁྲུལ་མེད་ཐར་པའི་སྐས་ལ་འཛེགས། །གནས་དག་པའི་ཞིང་དུ་སོན་པས་བདེ། །ཡང་དེའི་ནུབ་རྨི་ལམ་ལ་ངེད་རང་སངས་རྒྱས་ཀྱི་སྐུ་མང་པོ་པར་ལ་འདེབས་ཀྱིན་འདུག་པ་ཞལ་ཕྱག་སོགས་གསལ་པོ་བྱུང༌། མི་ཞིག་གིས་དཔར་དེ་ཀུན་གསལ་པོ་ཐེབས་སོང་ཟེར། རྗེ་མཁན་དང་མཇལ་བའང་མང་དུ་རྨི། ཟབ་འཁྲིད་ལེགས་གདམས་བདུད་རྩིའི་ཁུ་བ་འདིས། །མི་ཕྱེད་དད་ཐོབ་སྦྱིན་བདག་སློབ་བུ་ཡི། །སྙིང་ལ་ལྷ་ཡི་པར་བཞིན་