[A:༥༤༦]འཕོས་གྱུར་ནས། །ཅི་བསམས་བཞེད་དགུའི་དོན་རྣམས་འགྲུབ་པར་ངེས། །དེའི་ལོ་ལམ་འབྲས་ཀྱང་དབང་བྱིན་རླབས། ལུང་སོ་སོ། འཁྲིད་རྣམས་ཆ་ལག་ཚང་བ་ཟླ་བ་བདུན་ཙམ་གྱི་བར་ལ་རྫོགས་པར་གྲུབ། འཁྲིད་ཟུར་པ་རྣམས་ཀྱང་ཟླ་བ་ལྔ་པའི་ཉེར་བཞི་ལ་གྲོལ། དེ་ནས་ཆོས་མཚམས་ཅུང་ཟད་བྱས་ཉེ་བརྒྱུད་ཤིན་ཏུ་ཉེ་བརྒྱུད་ཀྱི་འཁྲིད་རྣམས་ཀྱང་རྫོགས་པར་བཏང༌། ཟླ་བ་བདུན་པའི་ཉེར་བཞིའི་ཁྲ་རྒྱུ་བ་ལ་ཞལ་ངོ་རྣམས་ལ་རྡོ་རྗེ་རྣལ་འབྱོར་མའི་བྱིན་རླབས་སྔོན་འགྲོའི་འཁྲིད་ཀྱི་རིམ་པ་རྣམས་བྱས། ཟླ་བ་བརྒྱད་པའི་ཚེས་བཅུ་ལ་གྲོལ། དེ་སྐབས་རྨི་ལམ་ཌཱ་དྲིལ་དང་བཅས་ཡེ་ཤེས་དབབ་པའི་རིམ་པ་ཤིན་ཏུ་གསལ་བ་རང་བྱུང༌། བསམ་མི་ཁྱབ་ཐུན་མོང་མ་ཡིན་པ་ཤིན་ཏུ་ཟབ་ཟེར་བ་དེ་ཡང་བྱས་པ་ཡིན། རྗེ་ངོ་མཚར་བློ་གསལ་རྒྱ་མཚོ་ཡིས། །མཚན་འོད་གསལ་ངང་ནས་ལུང་བསྟན་བཞིན། །གནས་ཆོས་འཁོར་ཡང་རྩེའི་ཆོས་ཀྱི་ཁྲིར། །ཆོས་སློབ་བཤད་ཟབ་མོའི་འབྲུག་སྒྲ་བསྒྲགས། །ཁོང་དད་ལྡན་ས་སྐྱོང་ཡུམ་སྲས་མཆེད། །ཐུགས་རབ་དགྱེས་བདུད་རྩིའི་ལོ་ཏོག་སྨིན། །གཞན་བསྐལ་མེད་འབྱུང་པོའི་བྱ་རྣམས་ལོངས། །ཐུགས་མ་འཁྲུག་བློ་མུན་སྲོས་ན་བདེ། །ལམ་འབྲས་ཀྱི་སྐབས་དབྱར་མཐོངས་ལྕོང་ཤོལ་ཀླུ་སྡིངས་སུ་བྱས། གྲྭ་པ་རྣམས་དང་སྡེ་སྲིད་ཀྱི་མང་ཇ་སོ་སོ། གོར། བུར་སྟོན་སོགས་ཤིན་ཏུ་བཟབས་པ་བྱུང༌། རབ་འབྱམས་པ་རྐྱང་འདུར་བྱམས་པ་དང་བྱམས་སྙིང་གཉིས་ཀྱིས་འབེལ་གཏམ་བཞད་གད་སོགས་ཤིན་ཏུ་ཆེ་བ་བྱུང༌། ལམ་འབྲས་སྐབས་སུ་ཟིན་ཐུན་མང་པོ་བཏང༌། དྲུང་རམས་པ་ནམ་མཁའ་རྣམ་རྒྱལ་གྱིས་དམ་ཚིག །ཚོགས་