[A:༥༤༧]འཁོར། དབང་ཆུ། རབ་གནས་ཀྱི་ཆོ་ག་བཟང་དྲུག །རྟེན་བཟང་པོའི་ཁྱད་ཆོས་གཟུངས་བཞུགས་འཇུག་ཚུལ། ཕོ་འཁོར་མོ་འཁོར་སོགས་ལ་དོགས་གཅོད་དང་བཅས་པའི་ཟིན་བྲིས་ཤིན་ཏུ་གསལ་བ་བྱས། རང་གིས་ཀྱང་སློབ་བཤད་འཁྲིད་རིམ་དེ་དེ་དུས་བརྩམས་པ་ཡིན། ཁོང་ངུར་སྨྲིག་འདུས་པའི་དགེ་འདུན་སྡེར། །ཆོས་ལེགས་བཤད་དགག་དང་སྒྲུབ་པ་འཕེལ། །གནད་ཆེ་བ་རྣམས་ལ་ཟིན་ཐུན་བྱས། །རང་བསྟན་པའི་དམིགས་རྒྱན་དེ་ཙམ་ཡིན། དེ་ནས་ཕག་ལོ་ཟླ་བ་བཅུ་གཅིག་པ་ལ་ཐུབ་བསྟན་དགེ་འཕེལ་དུ་ཕྱིན་ལམ་འབྲས་དགོས་ཟེར་གཞི་བ་རྣམས་དང༌། ཕྱོགས་ནས་འབུམ་ཆེན་བསྟན་པ་དར་རྒྱས། ཉང་སྟོད་པ་ཚེ་དབང་དཔལ་འབྱོར། ཤག་ཚལ་པ་འབུམ་པ་ཆོས་དར། ཤྲཱི་ནས་དགེ་སློང་དཀོན་བཟང༌། སྨད་ཆག་པ་དབོན་བཙུན། བྱ་གཤོངས་པ་ཀུན་གཞོན། ཆ་ལུང་ནས་སྒྲུབ་པ་བཅུ་གཅིག །ཤར་ཕུག་པ་སྒྲུབ་པ་གསུམ་རྣམས་ཡོད། དེ་རྣམས་ལ་ལམ་འབྲས་སློབ་བཤད་ཆ་ལག་ཡོངས་རྫོགས། སྤྲོས་མེད་ཀྱི་དབང་འཁྲིད་ཡོངས་རྫོགས་རྣམས་བྱས། གནས་ཐུབ་བསྟན་དགེ་འཕེལ་ཆོས་གྲྭ་ཆེར། །ཆོས་སློབ་བཤད་བརྒྱུད་པ་གསུམ་ལྡན་དང༌། །གཞན་བརྒྱུད་པ་གཉིས་ལྡན་སྤྲོས་མེད་འཁྲིད། །རྗེ་ཚར་ཆེན་བསྟན་པའི་དཔལ་དུ་དར། །འབུམ་ཆོས་དར་བ་དང་ཕུ་རབ་འབྱམས་པ་ཞིག་གིས་ཟིན་བྲིས་ཀྱང་ཐོ་རེ་བ་བྱས་འདུག །ཆ་ལུང་སྒྲུབ་པ་བཅུ་གཅིག་གིས་གཞི་བསྙེན་དང་སྦྱིན་སྲེག་རྫོགས་པར་བྱས། དེང་སང་ཀྱང་ལམ་བསྡུས་འཆག་མེད་བྱེད་ཀྱིན་འདུག །དེ་ནས་རང་གི་བསམ་ཚོད་ལ་རྗེ་ཀུན་