R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༨
[A:༥༤༨]དགའ་མཆོག་ལྡན་ལ་སྔར་མ་ཐོབ་པའི་ཆོས་འདྲ་ཞུས་ན་བསམ་པ་ཡོད་པ་ལ་འགའ་ཞིག་གིས་དེ་མི་རིགས་ཟེར་བ་མང་དུ་བྱུང་ཀྱང་རང་རེ་བྱ་གཤོངས་པ་ནང་འཚོགས་ཡིན་པ་དང༌། བསླབ་པ་བགྲེས་པ་དང་མདོ་སྔགས་ཀྱི་སྐུ་ཡོན་ཆེན་པོ་ཡོད་པ་ཚུན། རང་གིས་མ་ཐོབ་པའི་ཆོས་ཞུ་བ་ལ་ཕན་ཡོན་མ་གཏོགས་མི་རིགས་པ་གཅིག་ཀྱང་མེད་སྙམ་རང་གིས་རྦད་བཅད་སྙན་ཞུས་འབུལ་དུ་བཏང་བས་ཞལ་བཞེས་བྱུང༌། དེ་དུས་རྨི་ལམ་གྱི་མཚན་མ་གསལ་པོ་བྱུང་བ་ནི། ལོ་བྱི་བ་ཟླ་བ་དང་པོའི་ཚེས། །དུས་ཡར་ངོ་རྫོགས་པ་གཉིས་པ་ལ། །རྗེ་བླ་མས་ཞལ་བཞེས་བྱུང་བའི་ཚེ། །མཚན་རྨི་ལམ་མཚན་མ་འདི་ལྟར་མཐོང༌། །གནས་གྱང་རིམ་སེ་རོལ་ཁང་རྙིང་དུ། །དོན་ཆུ་མིག་འདོན་སྙམ་ཕུག་ཏུ་ཞུགས། །རོགས་བདེན་པའི་ཚིག་གིས་འདི་སྐད་ཟེར། །གནས་ས་འོག་རིམ་པ་མང་པོ་ན། །ཀླུ་གཙུག་ན་ནོར་བུའི་ཆུ་ཀླུང་སྐད། །གསུང་སྙན་སྙན་མང་པོ་སྒྲོག་གོ་སྐད། །དེར་གང་ཕུག་ཉམས་དགའ་རྡོ་རོ༵མ་ཅན། །ཕྱོགས་འདི་ནི་ས་གཉན་ཡིན་ནོ་ཟེར། །ཅུང་འཇིགས་འཇིགས་བྱེད་ཀྱང་འཇིགས་མི་སྙམ། །སྐྱབས་གསུམ་དང་རྩ་བརྒྱུད་བླ་མ་ལ། །ཕྱག་འཚལ་ཞིང་རྡོ་རིམ་བསལ་བ་ལ། །ཕུག་ས་རྡོས་ཁེངས་པའི་གནས་ཤིག་མཐོང༌། །ཆུ་གཙང་མ་ས་འོག་ཤོར་རོ་སྙམ། །གྲོགས་རྣམས་ཀྱིས་གཡམ་བག་ལག་ཆ་ཡིས། །ས་ཕུང་པོ་བཤས་པའི་འོག་ཅིག་ན། །ཕུག་ཟབ་མོ་གཡམ་པས་བཅད་པ་མཐོང༌། །དེ་བསལ་ཚེ་ས་ཕུག་ཡངས་སེ་བ། །མདོག་སེར་སྐྱ་ཁྲོལ་ལེ་བ་ཞིག་སྣང༌། །ཆུ་མ་མཐོང་རང་སེམས་ནོངས་པའི་ཚེ། །སླར་དེ་ནང་གཡམ་ལེབ་གཅིག་བསལ་བས། །དེ་