R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༤༩
[A:༥༤༩]འོག་གཞིར་ས་ཕུག་ཉམས་དགའ་བར། །ཆུ་སྔོན་པོ་ཐོལ་གྱིས་རྡོལ་བ་མཐོང༌། །འདི་རྟེན་འབྲེལ་ལེགས་སྙམ་རབ་དགའ་ཤར། །དོན་དེ་ལའང་ཆུ་འགྲོ་མི་འདུག་པས། །ཆུ་འགྲོ་ས་ཤིང་རྟས་ལམ་གཏོད་པ། །ཆུ་ལྷུང་ལྷུང་སྙན་པར་འབབ་པའི་སྐད། །ཁོང་གཉིས་འཐུང་དགའ་བའི་སྐད་འདྲ་བས། །དུས་རྒྱུན་ཆད་མེད་པར་འབབ་བོ་སྙམ། །སེམས་རབ་དགའི་བདུད་རྩི་ཅི་ཡང་ཐོབ། །རྨི་ལམ་དེ་ལྟར་བྱུང་བས་དེ་དོན་མང་པོ་ཞིག་གི་བརྡ་ཡིན་པ་འདུག་སྙམ་སེམས་རབ་ཏུ་དགའ། རྗེ་བླ་མ་དགོན་པར་སྤྱན་དྲངས། ཆོས་འབྲེལ་གྱི་ཐོག་མ་ཚེ་དཔག་མེད་ཛེ་ཏཱ་རིའི་དབང་བྱེད་པ་ངོར་པའི་སྲོལ་ཡིན་གསུང་དེ་ག་བཞིན་ཞུས། དེ་ནས་འཁོར་ལོ་བདེ་མཆོག་ལོ་ནག་དྲིལ་གསུམ་ལས་ནག་པོ་པའི་དབང་རྗེ་དམ་པ་ལ་ཐོབ་ཟིན་པས། ལོ་ཡི་པ་དང་དྲིལ་བུ་པའི་དབང་ཞུས། སྒྲུབ་ཐབས་བརྒྱ་རྩའི་རྗེས་གནང་གི་རིམ་པ་རྫོགས་པར་ཐོབ། གསང་འདུས་མི་བསྐྱོད་པའི་དབང་ཡང་ཞུས། དེ་ནས་ཕུའི་ཆབ་ལ་དཔོན་སློབ་ཅབ་མཐུན་ཕེབས་ཆབ་ཁར་གསང་འདུས་སྒྲོན་གསལ། མདོར་བྱས། མདོ་བསྲེ་སོགས་ཀྱི་ལུང་གནང༌། མི་འཁྲུགས་པའི་དབང་ཡང་ཞུས། དེ་མཚམས་རྩེ་ཆེན་ནས་ལམ་འབྲས་ལ་ཡོང་དགོས་གསུང་བའི་ཕོ་ཉ་བ་སླེབ། རྗེ་བླ་མ་དཔོན་སློབ་རྣམས་ཕུ་ནས་སྐྱིད་གཤོངས་སུ་ཞག་གཅིག་བཞུགས། དེ་ནས་ཕེབས་སྐྱེལ་བྱས། རྗེ་བླ་མ་ཀུན་དགའ་མཆོག་ལྡན་ལ། །དབང་རྗེས་གནང་མང་པོའི་བཀའ་དྲིན་ཞུས། །ཕྱིས་རྨི་ལམ་ཟབ་མོས་མཚམས་སྦྱར་ནས། །ཆོས་མང་དུ་ཐོས་པའི་རྟེན་འབྲེལ་བསྒྲིགས། །རང་རེ་གྲང་ཆེན་དུ་ཕྱིན། སྨྱུང་གནས། དབང་