[A:༥༥༠]མོ་ཆེ་སོགས་ཀྱི་བྲེལ་བ་ཆོད་མཚམས་ཤར་ལ་ཕྱིན་དེ་ནུབ་ལ་ལྐོག་ཏུ་བསྡད། སང་ཉིན་བྱ་གཤོངས་སུ་སླེབ། གྲྭ་པ་རྣམས་ཀྱིས་དྲེས་མ་ནས་སེར་སྦྲེང་བྱས་བསུས། མང་ཇ་གཉིས་བྱས། ཤར་རྩེ་ཆེན་རྒྱལ་པོའི་ཕོ་བྲང་དུ། །ཁ་ཟ་འདོད་ཀྱི་ལྟོགས་བྲེལ་མ་ཡིན་ཀྱང༌། །ཁོང་སྦྱིན་བདག་གི་དད་སུན་མི་འབྱིན་ཕྱིར། །ཆོས་སློབ་བཤད་སྤེལ་སྙམ་ཤར་རེ་ཕྱིན། །དེ་ནས་སང་ཉིན་བེར་ཆེན་བླ་བྲང་དུ་སླེབ། ཁོང་རྣམས་ལ་ཚེ་དབང་སོགས་བྱས། དེ་ནས་སང་ཉིན་བདེ་ཆེན་རྩེའི་གླ་ཚལ་དུ་ཚ་བ་ལ་སླེབ། དེ་ནས་ཡོམ་ལག་བླ་བྲང་གི་མདུན་གྱི་ཐང་ཀར་བླ་བྲང་ནས་གསོལ་ཇ་བཟང་བ། རོགས་རྣམས་ལ་སྐོམ་སིང་སོགས་ཤིན་ཏུ་སྨར་བ་བྱུང༌། རྫི་ལ་བུད་ཙམ་གྱི་ལ་ཐོག་ཟེར་བའི་གྲོང་པ་ཞིག་ཏུ་བསྡད། དེ་ཕན་ཆད་ལ་རྩེ་ཆེན་པས་གསོལ་འདེགས་རྩྭ་གཟན་སོགས་ཡོང་གིན། དེ་ནས་སྲད་པ་ངུར་དུ་བསྡད། སྲད་རྒྱུད་པ་བའི་བླ་བྲང་དེ་ནས་གསོལ་ཇ་རྒྱུགས་བྱུང༌། རང་རེས་ཀྱང་ཇ་ལྟིར་རྒྱུགས་བྱས། སང་སྔ་བར་ལངས་ཡོངས་པས་སྲད་དོ་དཔེ་ནས་གསོལ་ཇ་འབུལ་བ་སོགས་བྱུང༌། ཆུ་ཤར་བརྒྱུད་དེར་རྟ་བབས་བྱས་ཡུད་ཙམ་བསྡད། དེ་ནུབ་དབང་ལྡན་དུ་སླེབ་དྲུང་ཆེན་དྲུང་གིས་དགོན་པ་རྫོང་གི་ཆུ་ཚན་དེ་དགའ་མོ་ཡོད་པས་འཕྲོད་པོ་ཡོང་གསུང༌། གུར་སོགས་མཐུན་རྐྱེན་བསྒྲིགས་ཞག་གསུམ་ཆུ་ཚན་དེར་བསྡད། དེ་ནས་གང་ལ་ལ་བྱས་རྩེ་ཆེན་པ་རང་གི་གཞིས་ཀ་ཡིན་ཟེར་བའི་ཁང་པ་ཞིག་ཏུ་བསྡད། སང་གསོལ་འདེགས་ཀྱི་གསོལ་བ་དེ་རུ་ཀ་བྱས། སྡེ་པ་དཔོན་བློན་ཆིབས་ཁྲོམ་མང་པོ་དང་བཅས་ཕེབས་བསུ། གྲོང་གསར་ཐད་ཀྱི་རྩི་ཁ་ཡངས་པོ་དེར་གུར་ཆེན་པོ་ཕུབ་གསོལ་