[A:༥༥༡]ཇ་གསུམ་སྦྲེལ་གྱི་བར་བསྡད། དེ་ནས་རྩེ་ཆེན་ཕོ་བྲང་དུ་སླེབ་རང་གི་གཟིམས་ཆུང་ནོར་རྒྱས་སུ་བྱས། ལམ་འབྲས་སྣང་གསུམ་གྱི་ཆོས་དུས་ཚེས་བཟང་བ་ལ་བཙུགས། ཆོས་འཆད་ས་རབ་གསལ་བར་མ་རིང་མོ་ཞིག་འདུག་པ་དེར་བྱས། དེའི་དུས་སྡེ་པ་ཕུན་ཚོགས་ནས་ཀྱང་བུ་གཏེའི་གྲོལ་ཆ་ཅུང་ཟད་བྱུང་གསུང་ཕེབས་འདུག་པས། ལམ་འབྲས་རང་ལ་ནི་སྡོད་སྐབས་མ་བྱུང་བ་ཡོང་ངམ་ཟུར་དུ་སྤྲོས་མེད་ཀྱི་འཁྲིད་ཅིག་དགོས་གསུང་དེ་ག་བཞིན་ཕུལ། དེ་དུས་བདེ་གཟར་གྱི་གཞི་མ་ཞིག་ཐིང་ཡོད་འདུག་པས་ཕུན་ཚོགས་དྲུང་གི་ཕྱག་རྫས་རགས་རིམ་ཀྱང་རྩེ་ཆེན་དུ་སླེབ་འདུག །ཁྱད་པར་སྤྲུལ་སྐུ་བསོད་དཔལ་བས་བྲིས་པའི་རྟེན་གཙོ་ཁ་ཆེ་པཎ་ཆེན། ས་པཎ་སོགས་ཀྱི་སྐུ་ཐང་ཤིན་ཏུ་ལེགས་པ། དེ་བས་ཀྱང་ས་སྐྱ་པཎ་ཆེན་གྱི་རྫ་སྐུ། ཁ་ཆེ་པཎ་ཆེན་གྱི་རྫ་སྐུ་ལས་ཀྱང་ཆེས་ལྷག་པ་མིག་གི་བདུད་རྩིར་གྱུར་པ་དེ་ཚོ་མཐོང༌། དེ་ནས་སྣང་གསུམ་དང་སྤྲོས་མེད་གྲོལ། རང་གི་བསྙེན་པ་ཁ་གསོ་བྱས། རྒྱུ་དབང་གི་སྐབས་སུ་རྡུལ་ཚོན་གྱི་དཀྱིལ་འཁོར་བཞེངས་པ་ཕྱིས་གཤེགས་གསོལ་བྱས་ཆུས་ཡང་ཡང་བཀྲུས་ཀྱང་མ་དག་པར་ཁྲ་ལམ་མེ་འདུག་ཟེར། རྒྱུ་དབང་གི་རིམ་པ་གྲོལ། སྔགས་ལམ་མ་ཚུགས་ཙམ་ལ་དབང་ལྡན་ནས་ཆོས་མཛད་གྲོ་དཔེ་བ་གནང་བྱུང་ནས། དབང་ལྡན་སྡེ་པ་སྐུ་བགྲེས་པ་སོགས་ཤ་དུག་གི་སྐྱོན་བྱུང་དབང་ལྡན་དུ་ཆོག་དཔོན་ལ་ཡོང་དགོས་གསུང་གསང་བའི་ཚུལ་དུ་མཛད་ཀྱིན་འདུག །བདག་གིས་གཟིམ་ལགས་ལ་གནས་ཚུལ་ཞུས་པས། སྤྱིར་དབང་ལྡན་པ་སྦྱིན་བདག་ཡིན་པ་དང༌། ཁྱད་