R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༢
[A:༥༥༢]པར་དྲུང་ཆེན་དད་སྟོབས་ཀྱི་སློབ་མ་ཕྱག་ཕྱི་འགྲུབ་ཆེ་བ་ནས་གསང་འདི་ལ་ཡུད་ཙམ་ཅིས་ཀྱང་ཕེབས་རིགས་གསུང༌། དབང་ལྡན་ལ་ཕྱིན་དབང་ལྡན་རྩེའི་གཟིམས་ཁང་དུ་དགྱེས་པ་རྡོ་རྗེའི་དུས་ཐ་མའི་ཆོ་ག་དཔོན་སློབ་ལྔས་བཏང༌། མཚན་བྱང་བསྲེགས། ཚོགས་སུ་ཆོ་གའི་བསྔོ་བ་སོགས་ལ་ཡུད་ཙམ་ཕྱིན། རྟ་སྒ་ཆས་རྣ་བའི་པད་ཀོར་སོགས་འབུལ་ཆ་ཉི་ཤུ་རྩ་གཅིག་ཚན་ཅིག་བྱུང༌། གནས་བསྔོ་བ་གསོན་གཤིན་རྗེས་སུ་འབྲང༌། །ཅི་བསྔོས་པའི་འབྲས་བུ་དོན་བཞིན་འགྲུབ། །གནས་མིན་པའི་བསྔོ་བ་བློ་སྦྱོང་ཙམ། །འདི་ཕྱེད་པ་འཇམ་དཔལ་ས་སྐྱའི་དྲིན། །དོན་མ་ཤེས་མགྲིན་པའི་གཟེངས་མཐོ་ཡང༌། །ཁྱི་རྒན་པོའི་གསུང་དབྱངས་སྒྲོག་པ་ལ། །ཁྱིའི་བུ་ཆུང་འགྲམ་པ་འདེགས་པ་ཡིས། །ཁོང་མགྲོན་པོ་ས་མཐར་བསྐྲད་པས་ཅི། །ལྷ་དགྱེས་པ་རྡོ་རྗེའི་ཡེ་ཤེས་མེས། །ཁོང་གཉིས་སྣང་འཁྲུལ་པའི་བུད་ཤིང་བསྲེགས། །སེམས་རང་གསལ་དག་པའི་ཞིང་དུ་བསྐྱལ། །དུས་ཐ་མའི་ཆོ་གའི་འཕྲིན་ལས་ཡིན། །གནད་མི་ཤེས་མེ་ཆོག་ཕཊ་སྒྲོགས་ཀྱང༌། ཁོ་ཁུགས་ན་གསོན་པོ་ཨ་ཚ་ཚ། །གཞན་ཕན་གནོད་མེད་པས་ཡོན་གྱི་སྡིག །ཚེ་ཕྱི་མའི་ཁྲེལ་ཐུམ་བོར་ལ་ཐོང༌། །དེ་ལྟ་བུའི་བྱ་བ་ཚར་ནས་དེ་ནུབ་བར་ཚོ་ཤག་ཏུ་བསྡད། སང་ནང་པར་སྡེ་སྲིད་དམག་དཔོན་དྲུང་གིས་རྩེར་ཤོག་གསུང་གཟིམས་ཆུང་དགའ་མོ་ཞིག་ཏུ་ཞག་གཅིག་བསྡད། ཁོང་དཔོན་བློན་སོགས་ལ་ཚེ་བཀའ་ཕུལ། དེའི་སང་རྩེ་ཆེན་དུ་ཡོངས་སྔགས་ལམ་མན་ཆད་སྒྲོལ་མ་ལྷ་ཁང་དུ་བཙུགས། ལམ་འབྲས་ལ་དབུས་པ་དཀའ་བཅུ་པ་ཟེར་བ་རྒྱལ་ཆེན་གླིང་པ་ཞིག་ཡོད་པ་དེ་རྣམ་དཔྱོད་ཤིན་ཏུ་ཆེ་ཡིག་གཟུགས་