R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༤༡༠
[A:༤༡༠]ཀྱི་ལྟ་བ་ཐུན་མོང་མ་ཡིན་པ་ལ་ངེས་པ་གཏན་ནས་མ་རྙེད་པར་ལམ་མེ་ཞིག་ལས་མ་བྱུང༌། ཁོ་བོ་ཅག་བཟའ་བཏུང་དང༌། ཆོས་སྤྱོད་སོགས་སྐབས་གང་དུའང་གཞུང་ལུགས་ཀྱི་དོན་ལ་ཐོས་བསམ་གྱི་རྟོག་དཔྱོད་རྒྱུན་མ་ཆད་པར་ཡོང་བ་ཞིག་ཡོད་པས། ངམ་རིང་ཆོས་སྡེར་འཚོག་པའི་སྐབས་ཤིག་གུང་གྲལ་དུ་ཇ་འཐུང་བའི་སྐབས་བསམ་མནོ་གཏོང་གིན་ཡོད་ཙ་ན། ཡོད་སྙམ་པ་རྟག་ལྟ་དང༌། མེད་སྙམ་པ་ཆད་ལྟ་ཡིན་ཟེར་བ་སོགས་ཀྱི་ཡོམ་ཡོམ་དེ་འདྲ་མ་ཡིན་པར་ཀླུ་སྒྲུབ་གཞུང་ནས་བཤད་པའི་རྟག་ཆད་ཀྱི་ལྟ་བ་དང༌། རྟག་ཆད་ཀྱི་ལྟ་བ་ལས་གྲོལ་བའི་མཐའ་དང་མཐར་འཛིན་འགོག་ཚུལ་ལ་ངེས་པ་གཏིང་ནས་རྙེད་པ་བྱུང༌། ཐོགས་མེད་ཀྱི་དགོངས་པ་དང་སྦྱར་ན། གཞན་སྟོང་ཡིན་བྱས་ཀྱང་ཆོག་པ་ཙམ་འདུག་ཀྱང༌། ཀླུ་སྒྲུབ་ལུགས་ཀྱི་གཞུང་ལུགས་ལ་བསམ་གཞྀག་བཅུག་པས་ཀླུ་སྒྲུབ་ལུགས་ལ་བདེན་གྲུབ་ཁས་བླངས་ན། རྟག་ཆད་ཀྱི་ལྟ་བའི་རྩ་བ་རང་དུ་གོ་ནས་སྔར་རང་གི་ལྟ་ཞེན་ཝལ་ཝལ་ཐམས་ཅད་ཆུ་བུར་བཞིན་དུ་ཞིག་ནས་མཐའ་བྲལ་དབུ་མའི་ལྟ་བ་ལ་འཕྲོག་མེད་ཀྱི་ངེས་པ་རྙེད་པ་དེ་མན་ཆད་ནས་བྱུང༌། སྤྱིར་སྲོལ་འབྱེད་རྣམ་གཉིས་ཀྱང་གཅིག་གིས་ཅིག་ཤོས་ལྟ་བ་ལ་སྐུར་པ་འདེབས་པ་ཁོ་ན་བྱུང་འདུག་པས། རྗེས་འཇུག་མཁས་པ་རྣམས་ཀྱང་དབུ་ཅུང་ཟད་འཁོར། ཆལ་ཆོལ་མང་དུ་སྨྲ་བ་དང་བྱམས་ཆོས་ལྔ་ཀའི་ལྟ་བ་སེམས་ཙམ་དུ་གནས་ཟེར་བ་དང༌། དབུ་མ་རང་སྟོང་དུ་གནས་ཟེར་བ་དང༌། རྒྱན་དང་རྒྱུད་བླའི་དགོངས་པ་དབུ་མ་ཐལ་འགྱུར་དུ་གནས་ཟེར་བ་དང༌། ཕལ་མོ་ཆེ་དག་བྱམས་ཆོས་ཐོག་མཐའ་གཉིས་དབུ་མ་རང་སྟོང་དང༌། བར་པ་གསུམ་སེམས་ཙམ་དུ་གནས་ཟེར་བ་སོགས་ཅལ་ཅོལ་དང་འར་འུར་མང་དུ་སྒྲོགས་པ་ཞིག་འདུག་ཀྱང༌། ཁོ་བོའི་རྣམ་དཔྱོད་ཀྱིས་གཞིགས་པས་རྒྱུད་བླ་མའི་དགོངས་པ་ཡང་སེམས་