[A:༥༥༤]ས་སྐྱའི་གསུང་ངག་བདུད་རྩི་ཕབ། །ཁོང་སྐལ་བཟང་རྣམས་ལྷག་བསམ་ཚིམ་ནས་སོང༌། །སྒྲོལ་མ་ལྷ་ཁང་གི་ངེད་རང་གི་གཟིམས་ཆུང་ཟུར་འཕྱོང་དང་བཅས་པ་ཞིག་འདུག་པ་དེའི་མལ་གྱི་འཁྲིས་ན་བློ་སྐར་སྒོ་སྒྲིགས་དང་བཅས་པ་ཞིག་གི་སྟེགས་བུ་ལ་རྒྱུན་གཏོར་བཞག་ཡོད། ཐོ་རེངས་ལམ་བསྡུས་བྱས། ནམ་གསལ་ལེ་བ་ལ་གཏོར་མའི་དཀྱིལ་ན་མྱུ་གུ་འདྲ་བ་ཞིག་སྔོ་ལྷག་གེ་འདུག །མཆོད་གཡོག་པས་ལྗང་པ་ཞིག་གཏོར་མ་ལ་བཙུགས་པ་འདྲ་བསམ་གཞིགས་ནས་བལྟས་པས་བཙུགས་པ་མིན་པར་ལྗང་པ་ཞིག་སྐྱེས་འདུག །གཏོར་ཟན་ལ་ནས་རྡོག་ཤོར་ན་མ་ལའི་སྟབས་ཀྱིས་མྱུ་གུ་སྐྱེས་པ་ཡིན་པ་འདུག་བསམ་ཞག་འགའ་སོང་ཙ་ན་མྱུ་གུ་སྔོ་རོང་ངེ་བ་བཅུ་ཙམ་སྐྱེས་རྩེ་ལ་མེ་ཏོག་སེ་ཆོམ་མེ་བ་ཐོན་པ་ཡིད་སྤྲོ་སིང་ངེ་བ་བྱུང༌། མདའི་ཚོམས་ན་གཏོར་སྒྲུབ་བྱེད་པའི་གཏོར་མ་ལྔ་ཚར། རྣམ་སྲས། དམག་ཟོར་མ། དུར་ཁྲོད་བདག་པོ་རྣམས་ལའང་གཏོར་མ་རེ་ཡོད། ཞག་འགའ་ནས་མདའི་དུར་ཁྲོད་བདག་པོའི་གཏོར་མ་ལ་མྱུ་གུ་སྐྱེས་འདུག་ཟེར། མྱུ་གུ་དུར་ཁྲོད་བདག་པོའི་ནུས་པ་ཡིན་པ་འདྲ་བསམ་པ་བྱུང་ནའང་དེ་མཚམས་གཏོར་མ་ཐམས་ཅད་ཀྱི་སྙིང་པོ་དང་མཐེབ་སྐྱུ་སོགས་ལ་དབྱར་གྱི་རྩི་ཁ་སྐྱེས་སྐྱེས་མྱུ་གུ་སྔོ་རོང་ངེ་བ་གྲངས་མེད་སྐྱེས་བྱུང༌། དཔོན་ས་ཡུམ་དྲུང་གི་གཏོར་མ་དེ་ཡང་རྒྱུན་རིང་སོང་ཡོང་རན་གསུང༌། ཕུད་ཕྱེ་དཀར་རྒྱན་སོགས་བསྐྱལ་སོང༌། རོགས་རྣམས་ཀྱིས་འདི་འདྲ་ཡ་མཚན་འདི་མ་སྤོས་པ་དགའ་བ་འདྲ་ཟེར་རྙིང་པ་རྣམས་བཞག །གསར་པ་ཟུར་དུ་བཙུགས་ཕྱིས་གསར་པ་རྣམས་ལའང་སྔར་བཞིན་མྱུ་གུ་སྔོ་རོང་ངེ་བ་བསམ་གྱིས་མི་ཁྱབ་