R171: རང་གི་རྣམ་པར་ཐར་པ་ཡུལ་སྣ་ཚོགས་ཀྱི་བདུད་རྩི་མྱོང་བའི་གཏམ་དུ་བྱས་པ་ཟོལ་ཟོག་རྫུན་གྱིས་མ་བསླད་པ་སྒེག་མོའི་མེ་ལོང་།

  • Pagination (Witness A): ༥༥༥
[A:༥༥༥]པ་ཐོན་བྱུང༌། ཕྱིས་ལྷུན་རྩེ་ཞབས་དྲུང་བཀྲ་ཤིས་སྟོབས་རྒྱས་དང་མཇལ་ཚེ་དེ་འདྲའི་ལོ་རྒྱུས་བྱུང་བས་གཏོར་མ་ལ་སྤུ་ནག་སྐྱེས་པ་འདི་སྦྱོང་མ་ཐུབ་པའི་སྐྱོན། མྱུ་གུ་སྐྱེས་པ་མཆོག་འགྲུབ་པའི་རྟགས་སུ་བཤད། དབུས་ཕྱོགས་སུ་ས་སྐྱ་པའི་བླ་ཆེན་ཞིག་གི་གཏོར་མ་ལའང་མྱུ་གུ་ཞིག་སྐྱེས་གསུང་རྣམ་ཐར་ལ་བཏབ་འདུག་གསུང༌། རང་རེའི་མགོན་པོད་ཀྱི་གཏོར་མའི་བཀྲ་བརྟག་པའི་སྐབས་ན་མྱུ་གུ་སྐྱེས་པ་ལ་ཁམས་གསུམ་དབང་དུ་འདུ་བ་དང༌། ཆོས་སྐྱོང་བྲན་དུ་འཁོལ་བའི་རྟགས་ཟེར་བ་སོགས་སྣང༌། དེ་མན་ཆད་རྒྱུན་ལྡན་དུ་མྱུ་གུ་སྐྱེ་བ་ཞིག་ནི་འདུག །དེ་ནས་བདེ་གཟར་གཡོས་རེ་ཆེ་བྱུང༌། རོང་པ། རྩེ་ཆེན་པ། གསེར་མ་སོགས་ཕྱོགས་གཅིག །གཙང་བྱང་ཕྱོགས་གཅིག་ཡིན་པས་གཙང་བྱང་གི་དཔུང་ཉང་སྟོད་ལ་བཅུག །རྩེ་ཆེན་གྱི་འོག་ཏིང་ཏིང་རྫོང་དུ་སྒར་རྒྱག་པའི་ལུགས་ཡིན་འདུག་ནའང་རྩེ་ཆེན་པས་དེ་གོང་རྫོང་རོ་ལ་མཁར་ལས་བྱས། དེ་བསྲུང་ཆ་བཅུག་ཚར་བས་དེ་ནས་སླར་ལོག་གཞུང་དེར་གཙང་བྱང་གི་སྒར་རྒྱག་སང་ཉིན་རྒྱལ་རྩེའི་འཁོར་གྱི་ཚེར་མ་ལ་མེ་རྒྱག་བྱས། དུ་ལྡིང་ནམ་མཁའ་འགྲིབ་པ་ཙམ་བྱུང༌། སྐྱ་ཐོར་ལ་ཕྱིན་པ་འདྲ་ལ་རྒྱལ་རྩེ་ནས་སྣེ་ལོགས་ཅུང་ཟད་ཐོངས། སླར་ལོག་ཚོ་གཅིག་གིས་ཆུ་ལ་རབ་འདོན་གྲབས་བྱས། ཚོ་གཅིག་གིས་རྩེ་ཆེན་ཟམ་པ་ལ་འཚང་དྲག་བྱས། རང་རེ་སྒྲོལ་མ་ལྷ་ཁང་ན་གཏོར་སྒྲུབ་ལ་ཡོད་ནའང་རྩེ་ཆེན་སྡེ་སྲིད་ནས་དམག་ཆུ་ཐོན་ཡོང་བ་འདུག་པས་གཏོར་མ་བརྡེག་དགོས་གསུང༌། རང་གིས་གཏོར་མ་རྒྱག་རྒྱག་བྱེད་པའི་བླ་མ་ཞིག་མིན། གཏོར་བསྐུལ་འཕྲིན་བཅོལ་ཙམ་གྱིས་ཐུས་ཞུས།