[A:༥༥༦] རབ་ལ་འདོན་མཁན་རྣམས་ཀྱིས་རབ་ཁུངས་མཆོད་པར་ལོག་དགོས་པ་བྱུང༌། དེ་ནས་ཟམ་པ་ལ་འཚང་དྲག་པ་རྣམས་ཀྱང་འཚང་དྲག་མ་ཁྱད་པར་ལོག་དགོས་པ་བྱུང༌། རྩེ་ཆེན་ན་བཟང་ར་དང༌། བཟང་ངུ་གཉིས་ལྷ་ཡང་ཡང་འབབ། བཟང་ངན་གྱི་ལུང་སྟོན་པ་ཞིག་འདུག་པ་དེ་ཡོན་མཆོད་དཔོན་བློན་གྱི་བཞུགས་གྲལ་དུ་བྱུང༌། གྲི་རྨོག་སོགས་བཞག་ནས་ཕྱག་འབུལ་བྱས། མདའ་དར་གཡས་གཡོན་དུ་ཁུར་ནས་པུས་བཙུགས་མདུན་དུ་བསྡད། ངེད་ཀྱིས་ཀྱང་དར་མདུང་དཀར་པོ་ཞིག་སྦྱིན་ཁོ་མགུ་ནས་སོང༌། རང་རེའི་དཀར་ཕྱོགས་རྣམས་ཀྱི་བླ་མའི་བྱིན་རླབས་ཀྱི་མཐུས་དེ་མ་ཐག་ཏུ་ཆུ་མདོག་དམར་པོ་རྦ་ཚུབ་དང་བཅས་པ་ཞིག་ཏུ་འགྱུར་སོང་བས་ཆུ་ལ་མ་ཐར་སོང་ཟེར། དེ་འཕྲལ་རྩེ་ཆེན་པ་རྣམས་ཀྱིས་སྒྲོལ་མ་ལྷ་ཁང་གི་རྩེར་དཀར་དུང༌། དུང་ཆེན། རྒྱ་གླིང༌། འཕྱར་དར་མང་པོ་དང་བཅས་ལྷ་རྒྱལ་འབོད་ཀྱིན་འདུག་རང་གི་བསམ་པ་ལ་དགྲ་ལ་སྙིང་ཁྲག་བླུད་པ་ལྟ་བུར་སོང༌། སང་ཉིན་འཚང་དྲག་ཏུ་བཏང་ཡོང་ངམ་སྙམ་པ་ཤར། ཉང་སྟོད་པ་རྣམས་ཀྱིས་སྒར་བརྡུང་སོགས་བྱེད་པའི་རྩོམ་པ་མི་འདུག་ནའང་རང་རང་གི་བསོད་ནམས་ཀྱི་མཐུས། ཕ་རོལ་པ་རྣམས་དེ་ནུབ་སྒར་བརྡུང་ཡོང་བ་འདུག་ཟེར་བརྡ་ཞོགས་ཆེན་པོ་བྱས་མཚན་ཟང་ཐག་གཉིད་བཅག །སྤྲེ་ཉལ་བྱས་བསྡད། ཀུ་ཅོ་ཅུང་ཟད་ཙམ་ལ་འུར་ཞོགས་ཆེན་པོ་བྱེད་དགོས་བྱུང་ཟེར། སང་ནམ་ལངས་ནས་སྒར་ཕྱིར་ཐེགས་སོང༌། བདག་རང་ཕྱོགས་བསོད་ནམས་དཔུང་ཆེན་དང༌། །ལྷ་དཀར་ཕྱོགས་ཆོས་སྐྱོང་སྲུང་མའི་མཐུས། །དགྲ་ནག་ཕྱོགས་སྲོག་དང་མ་བྲལ་ཡང༌། །སྙིང་ཁ་རུ་འཚངས་པའི་སྡུག་བསྔལ་མྱོང༌།