[A:༥༥༧] །ཁོང་རྩེ་ཆེན་ཡབ་ཡུམ་སྲས་བཅས་དང༌། །བློན་ནོར་བུ་ཚེ་བརྟན་སྐུ་འཁོར་བཅས། །ཐུགས་རབ་དགའ་བདེ་ཆེན་ཕུགས་སུ་ཆུད། །སྙན་གྲགས་དཀར་གྱི་བ་དན་འཕྱར་ལ་བརྩོན། །དེ་ནས་སྒྲ་ཟིན་ལེགས་པར་ཕྱེ། །ཆོས་ལྡན་གྱི་འཕྲིན་ལས་ཀྱང་དེ་ཙམ་ཡིན། །ཡར་ཕྱོགས་ལ་འགྲོ་བསམ་པའི་གྲོལ་ཆ་ཡང་ཡང་ཞུས་པ། གཟིམ་ལགས་དྲུང་གིས་འདི་ན་གསེར་ཟེར་བའི་དབེན་དགོན་སྤྲོ་མོ་ཞིག་ཀྱང་ཡོད། ལོ་འགའ་བཞུགས་དགོས་དེ་ཙམ་མ་བྱུང་ན་ཡང་ཐུགས་ལྷོད་ཙམ་ཅིས་ཀྱང་གནང་དགོས་གསུང༌། སྔར་གྲ་ལྔ་ཉིན་བྱེད་དབང་པོ་བདེ་གཟར་གྱི་འགྲོས་ལ་བརྟེན་རྭ་ལུང་ཕྱོགས་སུ་ཕེབས་དགོས་བྱུང་ཚེ། རང་གིས་མི་སྣ་ཉིས་སྦྲེལ་བཏང༌། གསོལ་ཇ་འབུལ་བ་ཙམ་ཐུབ་ཀྱང་ཞལ་དངོས་མཇལ་བ་ཞིག་མ་བྱུང་དེ་རྩེ་ཆེན་ཕྱོགས་ན་བཞུགས་ཡོད་འདུག་པས་དངོས་སུ་མཇལ། གྲ་ལྔ་ནས་ལ་ཚེ་བཀའ། སྒྲོལ་དཀར་གྱི་ཚེ་འཁྲིད་རྗེས་གནང་དང་བཅས་པ་གྲུབ། གནང་སྦྱིན་ཡང་ཚད་མེད་མཛད་ཀྱིན་འདུག །རང་རེས་ཀྱང་སྒྲོལ་མ་ལྷ་ཁང་དུ་སྤྱན་དྲངས་སེམས་དཀར་མཚོན་བྱེད་འབུལ་བ་མཚོན་ཙམ་ཡང་བྱས། སྙན་ངག་སོགས་འབེལ་བའི་གཏམ་ཡང་མང་པོ་བྱུང༌། སྙན་ངག་པ་ལྷ་མཐོང་བ་དཔལ་སྒང་པ་སོགས་ཀྱང་སྙན་ངག་ཚིག་སྦྱོར་ཤིན་ཏུ་ལེགས་ཀྱང་དཔེར་བརྗོད་ངོས་མ་ཟིན་པ་ཆོ་ལེ་བ་ཡོད་པ་འདྲ། ཁྱད་པར་རྫས་དང་རིགས་ཀྱི་ཤན་མ་ཕྱེ། དབྱངས་ཅན་མ་རིགས་སུ་བྱས་པ་དང་རྫས་ཞེས་པ་ཐོད་པ་གྲི་གུག་སོགས་དིང་སང་གི་དངོས་སྤྱད་ལ་རྫས་སུ་བསམ་པ་མང་པོ་འདུག་ཞུས། བདག་གིས་ཀྱང་དཔེར་བརྗོད་བྱས་པ་ཡོད་དེ། དབྱངས་ཅན་མ་རིགས་སུ་